བོད་ཡིག་པར་གཞིའི་སྨན་བཅོས་འགན་སྲུང་གིAPPམ་ལག་སྤྱོད་འགོ་ཚུགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-08-03   རྩོམ་ཁུངས།    མཚོ་སྔོན་དྲ་ལམ་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན།

     མཚོ་སྔོན་གྱི་སྨན་བཅོས་འགན་སྲུང་གི་བོད་ཡིག་པར་གཞིའིAPPམ་ལག་དངོས་སུ་སྤྱོད་འགོ་ཚུགས་ཤིང་། ཞིང་ཆེན་ཡོངས་ཀྱི་བོད་རིགས་མང་ཚོགས་འགན་སྲུང་ནང་ཞུགས་མཁན་གྱིས་མཚོ་སྔོན་གྱི་སྨན་བཅོས་འགན་བཅོལ་གྱིAPPབརྒྱུད་བོད་ཡིག་པར་གཞིར་བརྗེས་ནས་མི་སྒེར་གྱི་འགན་སྲུང་ནང་ཞུགས་པའི་ཆ་འཕྲིན་དང་སྨན་བཅོས་ཐོབ་ཐང་། སྨན་བཅོས་འགན་སྲུང་གི་དཀར་ཆག་སོགས་འདྲི་རྩད་བྱེད་ཆོག་པ་རེད། ཡུལ་གཞན་དུ་སྨན་བཅོས་བྱེད་པའི་ལས་སྒོ་དང་སྲིད་ཇུས་འདྲི་རྩད་ཀྱི་འགྲོ་ལུགས་གཉེར་ནས་ཞིང་ཆེན་ཡོངས་ཀྱི་བོད་རིགས་མང་ཚོགས་འགན་བཅོལ་ནང་ཞུགས་མཁན་ཚོར་སྟབས་བདེ་གང་ལེགས་བསྐྲུན་ཡོད།

       ངོ་སྤྲོད་བྱས་པ་ལྟར་ན། རང་ཞིང་ནི་མི་རིགས་མང་བའི་ས་ཁུལ་ཞིག་ཡིན་ཞིང་། དེའི་ནང་གྲངས་ཉུང་མི་རིགས་ཀྱི་གྲངས་འབོར་ཁྲི289.99ཙམ་ཟིན་པ་དེས་ཞིང་ཆེན་ཡོངས་ཀྱི་མི་འབོར་ལས47.7%བཟུང་ཡོད་ལ། གྲངས་ཉུང་མི་རིགས་ཀྱི་མི་འབོར་ཁྲོད་བོད་རིགས་མི་འབོར་ཁྲི135.7ཙམ་ཡོད། རྒྱ་ཆེའི་བོད་རིགས་སྤུན་ཟླ་ཚོར་སྟབས་བདེ་བསྐྲུན་ཆེད། ཞིང་ཆེན་སྨན་བཅོས་འགན་ལེན་ཅུས་ཀྱིས་ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་སྲུང་ཆ་འཕྲིན་ལས་སྟེགས་འཛུགས་སྐྲུན་ལས་གཞིའི་ཁྲོད་བོད་རྒྱ་སྐད་གཉིས་ལྟེ་གནས་འཆར་འགོད་བྱས་པ་དང་འབྲེལ་བོད་རྒྱ་སྐད་གཉིས་ལྟེ་གནས་འཛུགས་སྐྲུན་སྔ་སྣུར་དུ་བྱེད་འགོ་ཚུགས་པ་རེད། ཉམས་མྱོང་ཕུན་སུམ་ཚོགས་པའི་བོད་སྐད་དགེ་རྒན་ཆེད་དུ་གདན་འདྲེན་ཞུས་ཏེ། སྨན་བཅོས་འགན་བཅོལ་གྱི་ཆེད་ལས་ཐ་སྙད་ལ་འགྲེལ་བཤད་བརྒྱབ་ནས་སྨན་བཅོས་འགན་བཅོལ་གྱི་བོད་རྒྱ་སྐད་གཉིས་ཀྱི་མཛོད་ཅིག་ཆགས་ཡོད་པ་རེད།

        ཕྱིས་སུ། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་སྔར་ལས་ལྷག་པའི་སྒོ་ནས་སྨན་བཅོས་འགན་སྲུང་བོད་རྒྱ་སྐད་གཉིས་མཛོད་འཐུས་ཚང་དུ་བཏང་ནས་བོད་རྒྱ་རིག་གནས་ཀྱི་ཁྱད་པར་ལ་དབྱེ་ཞིབ་ཟབ་མོ་བྱས་ཏེ། བོད་རིགས་སྤུན་ཟླའི་རང་གཤིས་ཅན་གྱི་དགོས་མཁོ་བསྐངས་པ་དང་། སྨན་བཅོས་འགན་སྲུང་ཤེས་བྱ་དང་སྨན་བཅོས་འགན་སྲུང་ཐོབ་ཐང་སྲིད་ཇུས་སོགས་དྲིལ་སྒྲོག་དཔྱད་གཞིའི་ཁྲོད། བོད་རྒྱ་སྐད་གཉིས་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་བཏང་ནས། མཚོ་སྔོན་གྱི་སྨན་བཅོས་འགན་སྲུང་གིAPPབོད་རྒྱ་སྐད་ཡིག་གི་ཁྱབ་རྒྱ་སྔར་བས་ཆེ་རུ་བཏང་སྟེ་བོད་རྒྱ་སྐད་གཉིས་ལྟེ་གནས་ཀྱི་བཀོལ་སྤྱོད་ཁྱབ་ཁོངས་རིམ་བཞིན་རྒྱ་བསྐྱེད་དང་། སྤྱི་པའི་ཞབས་ཞུའི་མ་ལག(སྨན་བཅོས་འགན་བཅོལ་གྱི་གཙོ་ཆེའི་དྲ་ཚིགས་དང་། སྨན་བཅོས་འགན་བཅོལ་གྱི་དྲ་ཐོག་ལས་སྒྲུབ་ཚོམས་ཆེན། སྨན་བཅོས་འགན་བཅོལ་གྱི་རང་འདེམས་ཞབས་ཞུ་གཞི་གཅིག་ཅན་གྱི་འཕྲུལ་འཁོར་སོགས་ཚུད་ཡོད་)ཁྲོད་བོད་རྒྱ་སྐད་གཉིས་མུ་མཐུད་ཁྱབ་གདལ་གཏང་རྒྱུ་རེད།