གོམས་གཤིས་འདི་དག་སྤངས་ན་གཉིད་ཡག་པོ་ཁུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-08-18   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར།

        ད་ཆ་མི་རྣམས་ལས་བྲེལ་ཆེ་བ་དང་འཚོ་བའི་གནོན་ཤུགས་ཆེན་པོ་ཡོད་པའི་དབང་གིས། ཉིན་གཅིག་གི་ལས་ཀའམ་སློབ་སྦྱོང་མཇུག་འགྲིལ་རྗེས་གཉིད་སྐྱིད་པོ་ཞིག་ཉལ་ནས་ངལ་གསོ་ཡག་པོ་ཞིག་རྒྱག་འདོད་ནའང་། རང་རྒྱུད་ལ་འཇགས་པའི་འཚོ་བའི་གོམས་གཤིས་ངན་པས་གཉིད་ཡག་པོ་ཁུག་ཐུབ་ཀྱི་མེད། དེས་ན་གཉིད་ཡག་པོ་ཞིག་ཁུག་འདོད་ན། གོམས་གཤིས་ངན་པ་འདི་དག་ལ་ངེས་པར་དུ་འགྱུར་ལྡོག་གཏོང་དགོས།

        1、ཕྱི་པོ་ཉལ་བའི་གོམས་གཤིས་འཇགས་པ།

        རྒྱུན་དུ་མཚན་མོའི་ཆུ་ཚོད་12ཀྱི་རྗེས་ལ་ཉལ་བ།  མི་ལ་ལས་མཚན་གང་གློག་བརྙན་ལྟ་བ་དང་། ལ་ལས་གྲོགས་པོ་མཉམ་འཛོམས་བྱས་ནས་མཚན་གང་ཆང་རག་འཐུང་བ་དང་རོལ་རྩེད་རྩེ་ཡི་ཡོད། རྒྱུན་དུ་མཚན་འཁྱོངས་བྱས་ཚེ། འཚོ་བའི་གོམས་གཤིས་འཁྲུགས་ནས་མཚན་མོ་གཉིད་མི་ཁུག་པའི་ནད་རྟགས་ཐོན་ཞིང་། འདི་ལྟར་ཡུན་རིང་བྱས་ན་གཟུགས་པོར་གནོད་འཚེ་ཆེན་པོ་བཟོ་ཡི་ཡོད།

        2、གཉིད་ཁུག་དྲགས་པ།

        ཉིན་མོ་གཉིད་ཉལ་ཡུན་རིང་དྲགས་ན་དགོང་མོར་གཉིད་ཁུག་དཀའ་པོ་ཡོད། མཚན་མོ་ཡག་ཤོས་བྱུང་ན་གཉིད་ཆུ་ཚོད་6ནས་8བར་ཉལ་དགོས་པ་དང་། གཞོན་ནུ་ལོ་ཆུང་རྣམས་གཟུགས་པོ་འཚར་བའི་དུས་ཡིན་པས་ཡག་ཤོས་བྱུང་ན་གཉིད་ཆུ་ཚོད་8ནས་10བར་ཉལ་དགོས། དེར་བརྟེན། ཉིན་དགུང་གཉིད་ཉལ་བའི་དུས་ཡུན་སྐར་མ་30ནས་བརྒལ་མི་རུང་།

        3、བཟའ་བཏུང་བདེ་ཐང་མེད་པ།     

        ཇ་གར་པོ་དང་ཀོག་ཧྥེ་སོགས་ཀྱིས་རིག་པ་དྭངས་སུ་ཕྱིན་ནས་གཉིད་ཁུག་དཀའ་པོ་ཡོད་པ་དང་། དགོང་ཟས་ཟས་དྲགས་པའམ་ཡང་ན་ཞག་ཚིལ་མང་དྲགས་ཚེ་གཉིད་ལ་གནོད་ཀྱི་ཡོད་པས། ཡག་ཤོས་བྱུང་ན་དགོང་མོ་ཇ་གར་པོ་དང་ཀོག་ཧྥེ་སོགས་བཏུང་རྒྱུ་མེད་ལ་དགོང་ཟས་ཉུང་ཙམ་ཟ་དགོས།

        4、གློག་རྡུལ་ཐོན་རྫས་རྩེད་དྲགས་པ།

        མི་ལ་ལས་གཉིད་མ་ཉལ་གོང་ཁ་པར་རམ་ཡང་ན་གློག་ཀླད་སྤྱད་དེ་བརྙན་འཕྲིན་ལྟ་བ་དང་། ཆ་འཕྲིན་གསར་པར་ལྟ་བ། རོལ་རྩེད་རྩེ་བ་སོགས་བྱེད་ཀྱི་ཡོད། དེ་ལྟར་བྱས་པས་གཉིད་ཉལ་བའི་དུས་ཚོད་ཡག་ཤོས་ཤོར་བ་དང་རིག་པ་དྭངས་སུ་ཕྱིན་ནས་གཉིད་ཁུག་ཁག་པོ་ཡོད།

        5、གཉིད་ཉལ་ཁར་སྒུལ་སྐྱོད་བྱས་དྲགས་པ། 

        སྒུལ་སྐྱོད་འོས་འཚམ་བྱས་ན་གཉིད་ལ་ཕན་པོ་ཡོད། འོན་ཀྱང་ཉལ་ཁའི་ཆུ་ཚོད་གཉིས་ནང་སྒུལ་སྐྱོད་དྲག་པོ་བྱས་ན་གཉིད་ལ་གནོད་ཀྱི་ཡོད་པས་དེ་ལྟར་བྱ་མི་རུང་།

        6、ཉལ་ཁར་བསམ་བློ་མང་པོ་གཏོང་བ།

        མི་ལ་ལས་ཉལ་ཁར་བསམ་བློ་མང་པོ་བཏང་ནས་སྡོད་ཀྱི་ཡོད། འདི་ལྟར་བྱས་ན་རིག་པ་དྭངས་སུ་ཕྱིན་ནས་གཉིད་ཉལ་བར་གནོད་སྲིད་པས། སེམས་ཁམས་ལྷོད་པོར་བཞག་ནས་གཉིད་ཉལ་དགོས།