རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-09-01   རྩོམ་ཁུངས།    དེ་རིང་གི་བོད་ཁུལ་འཕྲིན་སྟེགས།
སྤྱི་ཟླ8པའི་ཚེས28ཉིན། སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་མཐོ་གསར་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་སྡེ་དགེ་རྫོང་མི་དམངས་སྲིད་གཞུང་གིས་གཙོ་གཉེར་གནང་བའི་སི་ཁྲོན་ཞིང་ཆེན་ཟུར་ལུགས་བོད་སྨན་རྒྱུན་འཛིན་དང་གསར་སྤེལ་ཐོན་ལས་ཅན་གྱི་དཔེ་སྟོན་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་དེ་ཁྲེང་ཏུའུ་གྲོང་ཁྱེར་ཐེན་ཧྥུ་ཚེ་སྲོག་ཚན་རྩལ་གླིང་ཁུལ་དུ་སྤེལ་ཡོད། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུས་ཚན་རྩལ་སིའི་སི་ཀྲང་གཞོན་པ་ཁྲེན་རུང་ཧུའུ་དང་། དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཁྲེན་ཅིང་། ཁྲེང་ཏུའུ་མཐོ་གསར་ཁུལ་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཡུས་ཧུའེ། ཀྲུང་གུང་སྡེ་དགེ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། སྡེ་དགེ་རྫོང་མི་དམངས་སྲིད་གཞུང་གི་འགོ་འཛིན་ཧོང་ཅེ། སི་ཁྲོན་ཞིང་ཆེན་ཀྲུང་ལུགས་གསོ་རིག་སྨན་རྫས་ཚན་རིག་ཁང་གི་འགོ་འཛིན་ཀྲའོ་ཅུན་ཉིང་བཅས་མཛད་སྒོར་ཞུགས་པར་མ་ཟད་དཔེ་སྟོན་རྟེན་གཞིའི་སྒོ་བྱང་བཀལ་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། སི་ཁྲོན་ཞིང་ཆེན་ཟུར་ལུགས་བོད་སྨན་རྒྱུན་འཛིན་དང་གསར་སྤེལ་ཐོན་ལས་ཅན་དཔེ་སྟོན་རྟེན་གཞི་དེ་ཁྲེང་ཏུའུ་གྲོང་ཁྱེར་མཐོ་གསར་ཁུལ་གྱི་གསོ་རིག་དང་དེ་འབྲེལ་གྱི་ཞིབ་འཇུག་གསར་སྤེལ་གཙོ་རྐང་དུ་འཛིན་པའི་ཐེན་ཧྥུ་ཚེ་སྲོག་ཚན་རྩལ་གླིང་ཁུལ་དུ་གནས་ཤིང་། འབྱུང་འགྱུར་སྲིད་གཞུང་གིས་ཁྲིད་སྟོན་བྱེད་ཅིང་། སྣ་མང་ཅན་ཀྱི་ཚོང་རའི་མ་རྩ་འཁོར་རྒྱུག་བྱེད་སྟངས་ལག་ལེན་བསྟར་ནས། བོད་ཀྱི་གསོ་བ་རིག་པའི་ལག་རྩལ་སྔོག་འདོན་དང་གྲུབ་འབྲས་བརྗེ་སྒྱུར། དེ་བཞིན་དེང་རབས་ཅན་གྱི་ཞིབ་འཇུག་གསར་སྤེལ་སོགས་ཀྱི་ཐད་ལ་དགེ་མཚན་ལྡན་པའི་འདེགས་སྐྱོར་བྱ་རྒྱུ་ཡིན་པ་དང་། ཟུར་ལུགས་བོད་སྨན་བོད་ཁུལ་ནས་འཛམ་གླིང་ཡོངས་ལ་ཁ་ཕྱོགས་པའི་འགོ་འཛུགས་ས་གསར་པ་ཞིག་ཏུ་འགྱུར་བ་བྱ་རྒྱུ་རེད།
སྡེ་དགེ་རྫོང་སར་བོད་ཀྱི་གསོ་རིག་སྨན་རྫས་ཚད་ཡོད་ཀུང་སིའི་ལས་འཛིན་ལྷན་ཚོགས་ཀྱི་འགོ་འཛིན། སྡེ་དགེ་རྫོང་རྫོང་སར་བོད་སྨན་ཁང་གི་འགོ་འཛིན་འཇམ་དབྱངས་ཕུན་ཚོགས་ཀྱིས་བོད་ཀྱི་གསོ་རིག་སྨན་རྫས་ལ་ཡངས་ཤིང་རྒྱ་ཆེ་བའི་མདུན་ལམ་ཡོད་དེ། ཁྲེང་ཏུའུ་མཐོ་གསར་ཁུལ་གྱིས་འདེགས་སྐྱོར་དང་རོགས་རམ་གནང་བའི་འོག་སྡེ་དགེའི་བོད་ལུགས་གསོ་རིག་སྨན་རྫས་གོང་འཕེལ་གྱི་རིག་ལམ་ཐད་འགག་སྒྲོལ་ཐུབ་ཡོད་པ་དང་། བོད་ཀྱི་གསོ་རིག་སྨན་རྫས་ཁྲོམ་རར་སྐྱོད་པའི་ལམ་བུ་གསར་པ་ཞིག་ཀྱང་འཚོལ་སྙེག་ཐུབ་ཡོད། འབྱུང་འགྱུར་བོད་ཀྱི་གསོ་རིག་སྨན་རྫས་ཐོན་ལས་དེ་མུ་མཐུད་དུ་སྡེ་དགེ་རྫོང་གི་ཀ་རྟེན་ཐོན་ལས་ཀྱི་གྲས་ཤིག་ལ་འགྱུར་རྒྱུ་དང་། སྡེ་དགེ་རྫོང་གི་གོང་འཕེལ་ཁྲོད་རྒྱུན་མི་ཆད་པར་ཕན་ནུས་འདོན་ཐུབ་ངེས་རེད་ཅེས་གསུངས་བ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། དཔེ་སྟོན་རྟེན་གཞི་དེས་སི་ཁྲོན་ཞིང་ཆེན་ཀྲུང་ལུགས་གསོ་རིག་སྨན་རྫས་ཚན་རིག་ཞིབ་འཇུག་ཁང་དང་ལྷོ་ནུབ་མི་རིགས་སློབ་ཆེན་གསོ་རིག་སློབ་གླིང་། རྒྱལ་ཁབ་སྨན་རྫས་ཞིབ་དཔྱད་ལྟེ་གནས་སོགས་ལས་ཁུངས་དང་མཉམ་ལས་ཟབ་སྤེལ་བྱས་ནས། ཐུན་མོང་ཐོག་ལག་རྩལ་ཐད་ཞིབ་འཇུག་གསར་སྤེལ་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་། ཚན་རྩལ་གསར་གཏོད་ནུས་པ་མཐོར་གཏོང་བཅས་ཀྱི་ཐད་ལ་ཤུགས་སྣོན་རྒྱག་རྒྱུ་མ་ཟད། བོད་ཀྱི་ཟུར་ལུགས་གསོ་རིག་དང་སྨན་རྫས་ཐོན་ལས་འཕེལ་རྒྱས་ངོས་ཐད་ནས་སྡེ་དགེ་རྫོང་དང་སྤྱི་ཚོགས་ཐོན་ཁུངས་སྣ་ཚོགས་དབར་གྱི་སྦྲེལ་མཐུད་ལས་སྟེགས་ལྟ་བུ་ཞིག་དང་། བོད་ཀྱི་ཕུལ་བྱུང་རིག་གནས་ལྷོ་ནུབ་ས་ཁུལ་དུ་སྤེལ་བའི་སྐར་ཁུང་ལྟ་བུ་ཞིག་ཡིན་པའི་ངོས་ནས། རྟེན་གཞི་དེས་ད་དུང་ཐོན་ཁུངས་ཐོན་ལས་ཀྱི་བཟང་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། བོད་ཀྱི་གསོ་རིག་སྨན་རྫས་ལ་བརྟེན་ནས་ཞིང་འབྲོག་མང་ཚོགས་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་དང་སྡེ་དགེ་རྫོང་གི་གྲོང་གསེབ་དར་རྒྱས་དང་རྒྱུན་མཐུད་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།