ཆེད་དོན་ཚོགས་འདུའི་ཐོག་ཇུས་འགོད་ཇུས་གཞི་སྔར་བས་ལེགས་སུ་དང་ཞིབ་ཚགས་སུ་བཏང་། མཛེས་ལྗོངས་གནད་ལ་འཁེལ་བ་ཞིག་བསྐྲུན་ནས་ཡང་སྐོར་བསྐྱར་སྐོར་ངང་ཨར་ལས་བྱེད་པར་སྔོན་འགོག་དང་། མཛེས་ལྗོངས་ཀྱི་མཚམས་ཚིགས་དེ་རང་བྱུང་ཁོར་ཡུག་དང་ཁྱད་ཆོས་ལྡན་པའི་རིག་གནས་དང་ཟུང་འབྲེལ་དམ་ཟབ་དང་གཞི་གཅིག་ཏུ་འདྲེས་པར་བྱ་དགོས་པ། རང་བྱུང་ཁོར་ཡུག་དང་མཐུན་སྦྱོར་ཡོང་བ་བྱས་ནས་འགྲོ་ལམ་གྱི་ཁོར་ཡུག་སྔར་བས་ལེགས་སུ་གཏོང་བ། བར་སྟོང་འདང་ངེས་འཇོག་པ། ཚན་རིག་དང་མཐུན་པའི་བཀོད་སྒྲིག ཞབས་ཞུའི་ཁུལ་དང་ལྗོངས་གཟིགས་སྟེགས་བུ་སོགས་གཙོ་གནད་ཁུལ་དུ་ས་ཁོངས་དང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་བརྗོད་དོན་གཙོ་བོའི་མཛེས་ལྗོངས་ཁག་གཅིག་བཏོད་དེ་ཡུལ་སྐོར་པར་ལེན་དང་ངལ་གསོ། ཡུལ་ལྗོངས་ལྟ་སྐོར་བཅས་ལུགས་མཐུན་ངང་བཀོད་སྒྲིག་བྱས་ནས། ཡུལ་སྐོར་བ་ཕྱིར་སྐྱོད་དང་ཡུལ་སྐོར་ལ་སྐྱིད་སྣང་དོད་པའི་ཁོར་ཡུག་ཅིག་མཁོ་འདོན་བྱེད་དགོས་པ་བསྟན།
གོམ་སྟབས་རྗེས་མའི་ལས་དོན་སྔར་བས་ཡག་པོ་སྒྲུབ་ཆེད་ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་སྡེ་ཚན་ཁག་གིས་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་དུས་ཐོག་ཏུ་འགོ་ཁྲིད་ཚོགས་ཆུང་འཛུགས་བྱེད་དགོས་ཏེ། གཅིག་ནས་དམིགས་ཚད་ལ་དམ་པོར་དམིགས་ཏེ་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཡག་པོ་བྱེད་དགོས་པ། གཉིས་ནས་བསམ་བློ་གཅིག་གྱུར་དང་། དོན་འཁྱོལ་དམ་འཛིན། སྟོང་གཏམ་ཉུང་ཙམ་ཤོད་པ། དམ་པ་དོན་གཉེར་བཅས་བྱས་ཏེ་ཀྲུང་དབྱང་དང་ཞིང་ཨུའི་དགོངས་པ་གལ་ཆེན་བདེ་ཆེན་གྱི་ས་གཞི་ཆེ་མོར་དོན་འཁྱོལ་ཏན་ཏིག་བྱེད་དགོས། གསུམ་ནས་བྱ་ཐབས་ལ་ཤུགས་སྣོན་བརྒྱབ་ནས་འབྲེལ་ཡོད་རྣམ་གྲངས་འཛུགས་སྐྲུན་གྱི་གོ་རིམ་གཞིར་བཟུང་དུས་ཚོད་དམ་འཛིན་གྱིས་ལས་དོན་བསྒྲུབས་ཏེ་སེམས་ནུས་གཅིག་སྒྲིལ་གྱིས་དམག་འཐབ་ཡག་པོ་རྒྱག་པ་དང་། དོ་སྣང་བྱེད་པ། བྱ་ཐབས་འདོན་པ་བཅས་བྱེད་དགོས། བཞི་ནས་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་བྱས་ཏེ་རིམ་ཁག་སྡེ་ཚན་ཁག་གིས“མཛེས་སྡུག་ལྡན་པའི་གཞུང་ལམ”འཛུགས་སྐྲུན་བྱ་རྒྱུ་དེ་དོན་ཆེན་དུ་བརྩིས་ནས་དམ་འཛིན་ནན་པོ་བྱེད་དགོས། ལྔ་ནས་རྗེས་མཐུད་དོ་དམ་ཇུས་གཞིའི་བྱ་ཐབས་གང་མགྱོགས་ཞིབ་འཇུག་བྱས་ནས་ཡུན་རིང་དོ་དམ་བྱེད་བདེ་པོ་ཡོང་བ་བྱེད་དགོས་ནན་བཤད་བྱས།
ཤེས་རྟོགས་བྱུང་བར་གཞིགས་ན། སྟག་མཆོང་གྲོག་རོང་ནས་སེམས་ཀྱི་ཉི་ཟླ་བར་གྱི་མཛེས་སྡུག་ལྡན་པའི་གཞུང་ལམ་ནི་གཡུ་ལུང་གངས་རི་དང་ཧ་པ་གངས་རི་བརྒལ་ནས་གངས་རིར་སྐྱོད་པའི་བགྲོད་ལམ་གལ་ཆེན་ཞིག་ཡིན་པ་རེད། ལམ་ཐིག་སྤྱིའི་རིང་ཚད་170.613kmཡོད། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་བདེ་ཆེན་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་རྒྱུ་རེད། རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་དང་དེ་བཞིན་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་འགོ་འཛུགས་སར་བྱས་ཏེ་མཛེས་སྡུག་ལྡན་པའི་གཞུང་ལམ་གྱི་ཚད་གཞི་གཞིར་བཟུང་། དེ་“གཞུང་ལམ་དང་། ཡུལ་སྐོར། ཐོན་ལས། དབུལ་སྐྱོར”བཅས་མཉམ་འདྲེས་འཕེལ་རྒྱས་ཀྱི་མཛེས་སྡུག་ལྡན་པའི་ལམ་བུར་གཏོད་རྒྱུ་རེད། སྟག་མཆོང་གྲོག་རོང་ནས་སེམས་ཀྱི་ཉི་ཟླ་བར་གྱི་གཞུང་ལམ་དེ་ཤུགས་རྐྱེན་ཧ་ཅང་ཆེན་པོ་ལྡན་པའི་མཛེས་སྡུག་ལྡན་པའི་གཞུང་ལམ་དང་དེ་བཞིན་འགྲིམ་འགྲུལ་དང་ཡུལ་སྐོར་མཉམ་འདྲེས་ཀྱི་དཔེ་སྟོན་ལས་གྲྭ་ཞིག་ཏུ་འགྱུར་བ་བྱ་རྒྱུ་ཡིན་པ་རེད།