བདེ་ཆེན་སེམས་ཀྱི་ཉི་ཟླའི་ཅིན་ཁོ་སྐྱེ་དངོས་ཐོན་ཁུངས་གསར་སྤེལ་ཚད་ཡོད་ཀུང་སིའི་གཡང་འཁོར་སྤུས་རྟགས་ཀྱི་ཁ་ཆེ་གུར་གུམ་2020ལོའི་ཡུན་ནན་ཞིང་ཆེན་གྱི་སྨན་རྫས་སྣ་ཁ་10་ཡི་གྲས་སུ་ཚུད་ཡོད་པ་རེད། མིག་སྔར་ཀུང་སི་དེར་ལོ་གཉིས་ལ་གཟི་བརྗིད་མཚན་སྙན་ཐོབ་ཡོད།
“ལེགས་གྲས་10དང་རྩེ་གྲ་20”དང་“གྲགས་ཅན་ཐོན་རྫས་ཆེ་གྲས་10”ཡི་གཟི་བརྗིད་མཚན་སྙན་ནི་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ལྗང་མདོག་བཟའ་བཅའི་ཐོན་ལས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ནང་སྤྲད་པའི་གཟི་བརྗིད་མཚན་སྙན་མཐོ་ཤོས་དེ་རེད། ལོ་གསུམ་བསྟུད་མར་དཔྱད་འདེམས་དང་གཟེངས་བསྟོད་བྱེད་སྒོ་སྤེལ་བ་རེད།
ད་ལོར་ཞིང་ཆེན་ཡོངས་ཀྱི་ཁེ་ལས་123གྱིས་ལྗང་མདོག་བཟའ་བཅའི“ཁེ་ལས་ལེགས་གྲས་10”དང“གསར་གཏོད་ཁེ་ལས་རྩེ་གྲ་20”ལ་རེ་ཞུ་བྱས་པ་རེད། ཞིང་ཆེན་ལྗང་མདོག་གཞུང་དོན་ཁང་དང་། ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་བཅས་ཀྱིས་ཞིང་ཆེན་བསྡོམས་རྩིས་དང་ཞིང་ཆེན་ཁྲལ་དོན་སྡེ་ཚན་གྱིས་མཁོ་འདོན་བྱས་པའི་གཉེར་སྐྱོང་ཡོང་འབབ་དང་མཛོད་འཇུག་ཁྲལ་བསྡུའི་གྲངས་གཞི་གཞིར་བཟུང་། ཁོར་ཡུག་སྲུང་སྐྱོང་དང་། ཚོང་རར་ལྟ་སྐུལ་དོ་དམ་སོགས་སྡེ་ཚན་གྱི་བསམ་འཆར་དང་ལེན་བྱས་རྗེས་ཞིབ་དཔྱད་བྱས་པ་མ་ཟད་གྲོས་འགོའི་མིང་ཐོ་གྲུབ་པར་བྱས་པ་དང་། བཟོ་འཕྲིན་ཐིང་ལས་ཁུངས་སྒྲིག་ཨུས་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་བྱས་པ་དང་། དཔྱད་འདེམས་བྱེད་སྒོ་ཧྲིལ་པོ་ལོ་ཕྱེད་ལྷག་ཙམ་སྤེལ་བ་རེད།
ཅིན་ཁོ་སྐྱེ་དངོས་ཐོན་ཁུངས་གསར་སྤེལ་ཚད་ཡོད་ཀུང་སིས་2011ལོ་ནས་བཟུང་ཁ་ཆེ་གུར་གུམ་ནང་འདྲེན་ཚོད་འདེབས་བྱེད་འགོ་ཚུགས། ལོ་8ལྷག་གི་རྒྱུད་འདྲེན་ཚོད་འདེབས་བྱས་པ་བརྒྱུད། ཕན་འབྲས་བཟང་པོ་ཐོན་ནས་འདེབས་འཛུགས་ལག་རྩལ་བྱང་ཆུབ་པ་ཞིག་ཕྱོགས་སྡོམ་བྱས་ཡོད་ལ། འདེབས་འཛུགས་ལག་རྩལ་པ་ཁག་གཅིག་གསོ་སྐྱོང་བྱས་ནས་ལོ་འཁོར་མོར་ཞིང་དུད་ཀྱི་ཁ་ཆེ་གུར་གུམ་འདེབས་འཛུགས་ཀྱི་ལག་རྩལ་གསོ་སྦྱོང་བྱས་ཏེ། རྗེས་མཐུད་ཁྱབ་གདལ་དང་ཁ་ཆེ་གུར་གུམ་འདེབས་འཛུགས་གཞི་ཁྱོན་ཆེ་རུ་གཏོང་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། སྔར་ནས་བཟུང་། ཀུང་སིས་ཀུང་སི་དང་། མཉམ་ལས་ཁང་། ཞིང་དུད་བཅས་ཟུང་དུ་འབྲེལ་བའི་གཉེར་སྐྱོང་བྱེད་སྟངས་ལ་བརྟེན་ནས་གྲོང་གསེབ་ཀྱི་དཔལ་འབྱོར་ལ་རོགས་སྐྱོར་བྱས་ཡོད། གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་སྟོབས་ཆེར་བཏང་ནས་ཕྱུག་འགྱུར་སྣེ་ཁྲིད་པ་གསོ་སྐྱོང་བྱས་ཏེ་མཐའ་ཆུ་གྲོང་རྡལ་གྱི་ཁ་ཆེ་གུར་གུམ་ཐོན་ལས་རྒྱ་ཇེ་ཆེ་དང་སྟོབས་ཇེ་ཆེ་རུ་བཏང་བ་རེད།
མིག་སྔར།ཅིན་ཁོ་སྐྱེ་དངོས་ཐོན་ཁུངས་གསར་སྤེལ་ཚད་ཡོད་ཀུང་སིར་རང་ཉིད་ཀྱི་ཚོང་རྟགས་གཡང་འཁོར་ཡོད་ལ། ཐོན་རྫས་ལ་དངོས་སྤྱོད་དཔེ་གསར་གྱི་ཆེད་ཁེ་11ཐོབ་པ་དང་། ཕྱི་ཚུལ་གྱི་ཆེད་ཁེ་རྣམ་གྲངས་1་དང་། ཡུན་ནན་ཞིང་ཆེན་གྱི་ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་གི་ངོས་འཛིན་ལག་ཁྱེར། སྐྱེ་ལྡན་བདེན་དཔང་ར་སྤྲོད་འཛིན་ཡིག ལག་རྩལ་མཐོ་གསར་གྱི་ཁེ་ལས་བཅས་ཐོབ་པ་མ་ཟད། 2019ལོར་གྲགས་ཅན་ཐོན་རྫས་ཆེ་གྲས་བཅུ(སྨན་རྫས་ཆེ་གྲས་བཅུ)ཡི་གྲས་སུ་ཚུད་ཡོད་པ་རེད།