སྟོན་ཚུགས་རྗེས་འབྱུང་སླ་བའི་ནད་རིགས་འགའ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-09-24   རྩོམ་ཁུངས།    ཉིན་རེའི་གངས་ལྗོངས།

       

        སྟོན་ཚུགས་རྗེས་ནམ་ཟླ་རིམ་གྱིས་ཇེ་འཁྱགས་སུ་གྱུར་བ་དང་བསྟུན་ནས་སྟོན་ཁར་འབྱུང་སླ་བའི་ནད་རིགས་མང་པོ་ཞིག་གིས་ཀྱང་མི་རྣམས་ཀྱི་བདེ་ཐང་ལ་གནོད་པ་སྐྱེལ་ངེས། དབྱར་ཁའི་ཚ་གདུང་གིས་མི་ལུས་ཀྱི་རིམས་འགོག་ནུས་པ་ཇེ་ཞན་དུ་བཏང་ཡོད་པ་དང་དེའི་ཁར་དུས་ཚིགས་བརྗེ་བའི་སྐབས་འདིར་ནད་དུག་རྒྱས་སླ་བས་ལོ་ལོན་དང་བྱིས་པ་སོགས་ལུས་སྟོབས་ཅུང་མི་བཟང་བའི་མི་རྣམས་ལ་ཆམ་ནད་སོགས་འབྱུང་སླ། དེ་བས་སྐབས་འདིར་ཚང་མས་མཉམ་འཇོག་བྱེད་དགོས་པ་ནི་ནམ་ཟླའི་འགྱུར་ལྡོག་དང་བསྟུན་ནས་ལྭ་བ་བརྗེ་བསོར་བྱེད་དགོས་ཤིང་མཚན་མོར་མལ་དུ་ཉལ་དུས་འཁྱགས་སུ་མི་འཇུག་པ་བཅས་བྱེད་དགོས།

དང་པོ། བྱིས་པར་ཆམ་ནད་འབྱུང་སླ་བ།    

        སྟོན་ཁ་ནི་འགོ་བའི་རང་བཞིན་གྱི་ནད་རིགས་འབྱུང་ཚད་མཐོ་བའི་དུས་ཚིགས་ཤིག་ཡིན་པས། རྒྱུན་དུ་བྱིས་པར་ཚ་རྒྱས་པའི་རྟགས་ཡོད་ཅིང་དུས་ཚིགས་འདིར་ད་དུང་ངོ་མདོག་སྐྱ་བོར་འགྱུར་བ་དང་། སེམས་ཁམས་མི་དྭངས་པ། སྐྱུག་མེར་ལངས་པ་དང་སྐྱུག་པ། ཁོག་པ་བཤལ་བ་སོགས་ཀྱི་ནད་རྟགས་འབྱུང་སྲིད། བྱིས་པའི་ལུས་ཁམས་ང་ཚོ་མི་དར་མ་དང་མི་འདྲ་བས་ཚ་རྒྱས་སྟངས་ལའང་ཁྱད་པར་ཆེན་པོ་ཡོད་པ་རེད། ང་ཚོས་ལག་པས་བྱིས་པའི་རྐང་རྐ་ལག་དང་ཐོད་པར་རེག་ན་རྒྱུན་པར་ཚ་རྒྱས་པའི་སྣང་ཚུལ་ཅི་ཡང་མེད་ལ། བྲང་ཁ་དང་ཕོ་བའི་ཐོག་ཏུ་རེག་ཚེ་ད་གཟོད་ཤེས་ཐུབ། སྐབས་འགར་བྱིས་པར་ཆམ་ནད་བྱུང་ནས་ཚ་རྒྱས་པའི་སྐབས་སུ་རྐང་རྐ་ལག་ལ་རེག་ཚེ་ཚ་མེད་པར་ཧ་ཅང་འཁྱགས་པ་ཡིན་པ་དང་། ཚ་རྒྱས་པའི་ལུས་དྲོད་རིམ་གྱིས་ཇེ་དམར་གྱུར་པ་དང་བསྟུན་ནས་བྱིས་པའི་རྐང་རྐ་ལག་གི་དྲོད་ཚད་ཡུན་གྱིས་རྒྱས་ཡོང་བ་རེད། དེ་ནི་བྱིས་པར་ཚ་རྒྱས་པའི་རྟགས་ཡིན་པ་དང་ལོ་གསུམ་མན་གྱི་བྱིས་པར་ལྷག་ཏུ་རྟགས་དེ་འབྱུང་ཚད་མཐོ།    ཁྱིམ་བདག་མང་པོ་ཞིག་གིས་གནས་ཚུལ་དེ་མ་ཤེས་པའི་རྐྱེན་གྱིས་བྱིས་པའི་རྐང་རྐ་ལག་ཧ་ཅང་འཁྱགས་པ་ཡིན་པ་ཤེས་ཚེ་བྱིས་པའི་ལུས་པོ་འཁྱགས་ནས་གྲང་ཤུམ་བྱེད་བཞིན་པར་འདོད་དེ་མྱུར་དུ་ཉལ་ཐུལ་ནང་དུ་བཏུམ་ནས་དྲོས་སུ་འཇུག་བཞིན་ཡོད། དེ་བས་བྱིས་པའི་ལུས་དྲོད་ཇེ་མཐོ་ནས་ཇེ་མཐོར་གྱུར་པ་རེད། གལ་ཏེ་བྱིས་པར་ཆམ་ནད་བྱུང་ནས་ཚ་རྒྱས་ཚེ་དུས་ཐོག་ཏུ་ཁྲའེ་ཧུའུ་ཏིས་བན(柴胡滴丸)སོགས་སྨན་བླུད་ན་ཚ་བ་མྱུར་དུ་འཇོམས་ཐུབ།    དེ་ལས་གཞན་སྟོན་ཚུགས་མ་ཐག་པའི་སྐབས་འདིར་མི་རྣམས་ལ་ད་དུང་ཉལ་ཐུལ་མི་འགེབས་པ་དང་བསིལ་སར་བསྙེགས་པའི་གོམས་སྲོལ་ཡོད་པས་ཁོག་པ་བཤལ་བ་དང་མགོ་ན་བ་སོགས་ཀྱི་ནད་རྟགས་འབྱུང་བཞིན་ཡོད། དེ་བས་འབྲེལ་ཡོད་ཕྱོགས་ཀྱི་ཆེད་མཁས་པས། སྟོན་ཚུགས་མ་ཐག་པའི་སྐབས་འདིར་མི་རྣམས་བསིལ་སར་མི་འདུག་པ་དང་། རྒྱུན་པར་ཧ་ཅང་འཁྱགས་པའི་བཟའ་བཏུང་རིགས་མི་བསྟེན་པར་ལྒ་སྐྱ་དང་ཀ་ར་ནག་པོ་གདུས་པའི་ཁུ་བ་འཐུང་ན་བཟང་།

གཉིས་པ། ན་གཞོན་རྣམས་ལ་མིད་པའི་གཉན་ཚད་འབྱུང་ཚད་མཐོ་བ།    

        སྟོན་ཚུགས་རྗེས་ན་གཞོན་རྣམས་ལ་མིད་པའི་གཉན་ཚད་འབྱུང་ཚད་མཐོ། མིད་པའི་གཉན་ཚད་ནི་ནམ་ཟླའི་འགྱུར་ལྡོག་དང་བསྟུན་ནས་བྱུང་བ་ཡིན་ཞིང་། སྟོན་ཁའི་ནམ་ཟླ་སྐམ་ཞིང་ཅུང་བསིལ་བས་ལུས་ཁམས་འཁྱགས་པ་ལས་ནད་དེ་བྱུང་བ་རེད། གལ་ཏེ་མིད་པ་མི་བདེ་བའི་གནས་ཚུལ་བྱུང་ན་རྒྱུན་དུ་ཆུ་ཁོལ་དྲོད་འཇམ་འཐུང་བ་དང་། ལུག་མཉེ་དང་མོག་རོ་དཀར་པོ། མོག་རོ་ནག་པོ། ཤིང་ཏོག་ལི་སོགས་ཟོས་ན་བཟང་། རྒྱུན་པར་སྐད་སྒྲ་ལ་བརྟེན་ནས་ལས་རིགས་གཉེར་བཞིན་པའི་མི་རྣམས་ཀྱིས་ལྷག་ཏུ་རང་ཉིད་ཀྱི་མིད་པར་བདག་སྐྱོང་བཟང་པོ་བྱེད་དགོས། དེ་ལས་གཞན་སྟོན་ཁར་གཉན་ཚད་རྒྱས་སླ་བས་སུར་པན་སོགས་མིད་པར་གནོད་པའི་ཟས་རིགས་ཉུང་ཙམ་ཟོས་ན་བཟང་།    གལ་ཏེ་མིད་པ་ན་ནས་སྐྲངས་ཡོད་ཚེ། དུས་ཐོག་ཏུ་ཚ་སེལ་གཉན་འཇོམས་རིགས་ཀྱི་རྩྭ་སྨན་ཏེ་ཁྲོན་ཞིན་ལེན(穿心莲)སོགས་འཐུང་ན་བཟང་།

གསུམ་པ།  དར་མ་རྣམས་ལ་རུས་ཚིགས་ན་བའི་ནད་འབྱུང་ཚད་མཐོ་བ།    

        དར་མ་མང་པོ་ཞིག་ལ་དབྱར་ཁར་བསེར་ཁར་ཇི་ལྟར་བསྡད་རུང་ལུས་ཕུང་མི་བདེ་བའི་སྣང་བ་ཅི་ཡང་མེད་ལ། སྟོན་ཚུགས་རྗེས་ལུས་ཕུང་ཅུང་ཟད་འཁྱགས་ནའང་རྒྱུན་པར་རུས་ཚིགས་ན་བའི་ནད་རྟགས་འབྱུང་བཞིན་ཡོད། དེ་ནི་དབྱར་ཁར་ལུས་སྟེང་ནས་རྔུལ་ཆུ་བཞུར་ཚད་མང་ཞིང་བ་སྤུའི་བུ་ག་ཕྱེ་ཡོད་པས། བསེར་ཁར་འདུག་ཡུན་རིང་ན་དབྱར་ཁར་སྣང་བ་ཅི་ཡང་མེད་མོད་སྟོན་ཚུགས་རྗེས་ད་གཟོད་རུས་ཚིགས་ན་བའི་རྟགས་འབྱུང་སྲིད།