བསྐྱིས་སྒོར་འཇལ་སྐབས་ཡིད་གཟབ་བྱ་དགོས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-09-27   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

གྱོད་དཔེ།

    2011ལོའི་ཟླ1པའི་ཚེས2ཉིན། ཚེ་རིང་བཟང་གཉིས་ཀྱིས་ཁོ་གཉིས་ཀྱི་གྲོགས་པོ་དཔལ་ལྡན་ལ་སྒོར་ཁྲི20བསྐྱིས་ཤིང་། ཟླ་རིང་ཡི་སྐྱེད་ཀ་སྒོར་སྟོང1དང་བསྐྱིས་ཡུན་ཟླ2ཡིན་པར་གྲོས་མཐུན་བྱུང་ནས་ཁ་ཆད་བཞག བསྐྱིས་དངུལ་སྟེར་བའི་དུས་ཚོད་ཐོན་པ་ན་ཚེ་རིང་གི་ཆུང་མས་དཔལ་ལྡན་ལ་བསྐྱིས་དངུལ་སྟེར་དགོས་པའི་རེ་བ་བཏོན་ལ། དཔལ་ལྡན་གྱིས་ཀྱང་བསྐྱིས་དངུལ་སྒོར་ཁྲི20དུས་ལྟར་ཚེ་རིང་གི་ཆུང་མར་བྱིན། སྐབས་དེར་ཚེ་རིང་གི་ཆུང་མས་དཔལ་ལྡན་ལ་སྐྱེད་ཀ་སྟེར་དགོས་པའི་རེ་བ་འདོན་མ་ཕོད་ལ་དཔལ་ལྡན་གྱིས་ཀྱང་སྐྱེད་ཀ་མ་བྱིན། ལོ་དེའི་ཟླ12པར་ཚེ་རིང་བཟའ་ཟླ་གཉིས་གཉེན་འཐོར་བྱས་ཤིང་། སྔོན་དཔལ་ལྡན་གྱིས་ཁོ་གཉིས་ལ་བསྐྱིས་པའི་སྒོར་ཁྲི20ཕྱིར་བྱིན་ཡོད་མེད་ཐད་ནས་རྩོད་པ་བྱུང་། དེ་རྗེས་ཚེ་རིང་གིས་ཁྲིམས་ཁང་དུ་ཞུ་གཏུག་བྱས་ནས་དཔལ་ལྡན་གྱིས་ཁོ་ལ་བསྐྱིས་པའི་སྒོར་ཁྲི20སྟེར་དགོས་པའི་རེ་བ་བཏོན།

    ཁྲིམས་རའི་ནང་ཚེ་རིང་གིས་བཤད་རྒྱུར། དཔལ་ལྡན་ལ་བསྐྱིས་བའི་སྒོར་ཁྲི20ཁོ་མི་སྒེར་ལ་དབང་བའི་བུན་དབང་ཡིན་ལ། ཁོ་དང་ཁོའི་བཟའ་ཟླ་སྔོན་མ་གཉིས་ཀྱི་ཐུན་མོང་གི་བུན་དབང་ཡིན། དཔལ་ལྡན་གྱིས་དངོས་གནས་སྒོར་ཁྲི20བསྐྱིས་དངུལ་སྟེར་ཡུལ་ནོར་འདུག་པས་དོན་དངོས་མ་བྱིན་པ་དང་གཅིག་མཚུངས་ཡིན་ཟེར། ཁོའི་ཆུང་མའི་བཤད་རྒྱུར།དཔལ་ལྡན་གྱི་བསྐྱིས་དངུལ་མོའི་ལག་ཏུ་འབྱོར་ལ། བསྐྱིས་དངུལ་དེ་ཁོ་བཟའ་ཟླ་གཉིས་ཀྱི་ཐུན་མོང་གི་རྒྱུ་ནོར་ཡིན་པས་མོས་ཐུན་མོང་གི་རྒྱུ་ནོར་ལྟར་བགོ་བཤའ་བརྒྱག་རྒྱུ་ཡིན་ཟེར། ཉེ་སྔོན་ཁྲིམས་ཁང་གིས་ཚེ་རིང་གི་ཞུ་གཏུག་དང་ལེན་མ་བྱས་པར་ཕྱིར་སློག

ཕྲན་དཔྱད།

    ཆེས་མཐོའི་མི་དམངས་ཁྲིམས་ཁང་གི《མི་དམངས་ཁྲིམས་ཁང་གིས་གཉེན་འཐོར་གྱོད་དོན་ཞིབ་གཅོད་བྱེད་སྐབས་རྒྱུ་ནོར་བགོ་བཤའ་ཐད་ཀྱི་བསམ་འཆར་འགའི》དོན་ཚན7པའི་ནང་མི་སྒེར་གྱི་རྒྱུ་ནོར་རམ་ཡང་ན་བཟའ་ཟླ་ཐུན་མོང་གི་རྒྱུ་ནོར་གང་ཡིན་པ་ཐག་གཅོད་བྱ་མ་ཐུབ་ཚེ། བདག་དབང་ཁོ་ཡིན་ཟེར་མཁན་ཕྱོགས་ཀྱིས་བདེན་དཔང་མཁོ་འདོན་བྱེད་པའི་དབང་ཆ་ཡོད་ལ། དོ་བདག་པའི་བདེན་དཔང་བྱས་པ་ཁུངས་མི་བཙན་པ་དང་བདེན་དཔང་བྱས་པ་ཡང་དག་མིན་པ། མི་དམངས་ཁྲིམས་ཁང་གིས་ཀྱང་དོན་དངོས་ཞིབ་བཤེར་བྱ་མ་ཐུབ་ཚེ། ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་ལྟར་ཐག་གཅོད་བྱ་དགོས་ཞེས་གཏན་ཁེལ་བྱས་ཡོད། གྱོད་གཞི་འདིའི་ཁྲོད། ཚེ་རིང་བཟའ་ཟླ་གཉིས་ཀྱིས་དཔལ་ལྡན་ལ་སྒོར་མོ་བསྐྱི་སྐབས་ཁོ་གཉིས་བཟའ་ཟླ་ཡིན་ལ། ཚེ་རིང་གིས་ཀྱང་སྒོར་མོ་དེ་ཁོ་མི་སྒེར་གྱི་རྒྱུ་ནོར་ཡིན་པ་ཁུངས་ལུང་ཅི་ཡང་མེད། དེ་བས་དཔལ་ལྡན་ལ་བསྐྱིས་པའི་སྒོར་ཁྲི20དེ་ནི་ཁོ་བཟའ་ཟླ་གཉིས་ཀྱི་ཐུན་མོང་གི་རྒྱུ་ནོར་ཡིན་པས། དཔལ་ལྡན་གྱིས་བསྐྱིས་དངུལ་སྟེར་བའི་ཡུལ་ནོར་མེད་ལ་ཁྲིམས་མཐུན་ཡང་ཡིན། །