རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-10-13   རྩོམ་ཁུངས།    ཁམས་པའི་དྲ་བ།
བྲག་སྟེང་རྒྱལ་པོའི་ཕོ་བྲང་ཆགས་ཡུལ།
༡༽ རོང་བྲག་རྫོང་དུ་སླེབས་པ་དང་ཡུལ་དེའི་ས་དབྱིབས་ཆགས་ཚུལ་གྱི་སྐོར།
ང་ནི་ཡུལ་ལུང་གང་ཞིག་ལ་ལས་དོན་ཅི་ཞིག་གི་ཆེད་དུ་སོང་ཡང་། ཐོག་མའི་དམིགས་ཡུལ་གྱི་ལས་དོན་ལ་ཐབས་ཤེས་གང་ཡོད་ཀྱིས་འབད་པ་བྱེད་ཀྱིན་ཡོད་ཀྱང་། དེ་དང་མཉམ་དུ་ཡུལ་དེའི་འདས་མ་ད་གསུམ་གྱི་ལོ་རྒྱུས་ལའང་རྒྱུས་ལོན་དང་ཡུལ་སྲོལ་གོམས་གཤིས་སོགས་རང་གིས་མཐོང་སྣང་དང་སྦྱར་ནས་ཟིན་བྲིས་འབྲི་རྒྱུ་ལ་དེ་བས་དགའ་བོ་ཡོད་མཁན་ཞིག་ཡིན། དེའི་ཕྱིར་ས་ཆ་གང་ཞིག་ཏུ་སླེབས་ཀྱང་དམིགས་ཡུལ་འགྲུབ་མིན་ཇི་ལྟར་ཡང་། སྟོང་ལོག་ལྟ་བུ་མ་ཆགས་པ་ཟིན་བྲིས་ཐར་ཐོར་རེ་ཁྱེར་རྒྱུ་རྙེད་པ་ནི་ང་ལ་མཚོན་ན་རིན་ཐང་ཆེན་པོ་ཞིག་ཚོར་གྱིན་ཡོད། ད་ལན་ཡང་། སྤྱི་ལོ༢༠༢༠ལོའི་ཟླ་བ༩ཚེས༢༠ཉིན་གུས་པ་ཚོང་ལས་ཙག་ཙིག་ཞིག་གིས་རྐྱེན་པའི་ལོ་རྒྱུས་ཐོག་བོད་ཀྱི་རོང་ཆེན་བཞི་ཡི་ཡ་གྱལ་དུ་གྲགས་པའི་ཤར་རྒྱལ་མོ་ཚ་བ་རོང་གི་ཕྱོགས་སུ་ཆས་མགོ་བརྩམས། (མཆན་བོད་ཀྱི་རོང་ཆེན་བཞི། ཀོང་པོ་རོང་། ཚ་བ་རོང་། ལྷོ་མོན་རོང་། རྒྱལ་མོ་ཚ་བ་རོང་།)དཀར་མཛེས་ནས་བྲག་མགོ་བར་སྤྱི་ལེ་དགུ་བཅུ་གོ་གསུམ་དང་བྲག་མགོ་ནས་རྟའུ་བར་སྤྱི་ལེ་བདུན་ཅུ་དོན་བདུན། དེ་ནས་མགར་ཐར་བར་དེ་བཞིན་སྤྱི་ལེ་དོན་བདུན་དང་མགར་ཐར་ནས་རོང་བྲག་བར་སྤྱི་ལེ་གྱ་གསུམ་འདུག། མགར་ཐར་གྲོང་རྡལ་ནས་ཁ་ལྷོ་སྨད་ཕྱོགས་སུ་བསྒྱུར་ཏེ་ལ་ཞིག་བརྒལ་ནས་ཅུང་ཟད་ཐུར་དུ་བབས་ན། ད་གཟོད་ཤར་ལྷོའི་མཚམས་ནས་མཐོ་ཞིང་བརྗིད་ཆགས་པའི་བཞག་བྲ་ལྷ་རྩེ་མཐོང་ཐུབ་ལ། ཨ་སྔོན་དབྱིངས་སུ་འཕགས་པའི་གཞག་བྲ་དཀར་པོའི་རྩེ་མོ་སྨུག་སྤྲིན་གྱིས་ཡོངས་སུ་བཏུམ་པ་ལ་བལྟས་ན། གནམ་འདེགས་ཀ་བ་ཞིག་དང་གཉིས་སུ་མ་མཆིས། དེ་ནས་རིམ་གྱིས་མར་བབ་སོང་ན་འགག་ཇེ་དོག་ཏུ་འགྲོ་ཞིང་། སྤྱི་ལེ་དྲུག་ཅུ་ཙམ་སོང་མཐར་མཛེས་མའི་ཕ་ཡུལ་དུ་འབོད་པའི་རོང་བྲག་རྫོང་ཐོག་ཏུ་སླེབས། རོང་བྲག་རྫོང་ནི་མཐོ་ལ་བརྗིད་ཉམས་ཅན་གྱི་གནམ་ཟུག་གི་རི་བོ་མང་པོས་ཡོངས་སུ་བསྐོར་ཞིང་། ལྷག་པར་དུ་བན་བོན་གཉིས་ཀས་གནས་རི་རྩ་ཆེན་དུ་བཤད་པའི་རི་བོ་རྒྱལ་མོ་དམུ་རྡོ་དང་ཉེ་བར་གནས་པའི་ལུང་ཆེན་བཞི་ཡི་མདའ་སྒོ་རུ་ཆགས་ཡོད། གནས་འདི་ནས་ལུང་ཆེན་རེའི་གཞུང་ལམ་བརྒྱུད་དེ་སོང་ན་དར་མདོ་དང་འབར་ཁམས། དཀར་མཛེས་དང་ཁྲིན་འདུ་སོགས་ཤར་ལྷོ་ནུབ་བྱང་ཕྱོགས་གང་ལ་སོང་ན་སྟབས་བདེ་བའི་གཞི་དཀྱིལ་ལྟ་བུར་ཁེལ་འདུག། ད་དུང་རོང་བྲག་རྫོང་ན་ལོ་རྒྱུས་ཐོག་གསལ་བའི་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་ཡ་གྱལ་དགེ་ཤེས་རྩ། པ་བམ།བྲག་སྟེང་གསུམ་གྱི་རྒྱལ་ས་བཅས་ཡོད་པར་མ་ཟད། ད་དུང་ཁོ་ཚོའི་ངག་རྒྱུན་དང་དཔྱད་གཞིའི་ཡིག་ཆ་ལ་ལ་ནས་བཤད་ཚུལ་ལྟར་ན། ཤར་རྒྱལ་མོ་ཚ་བ་རོང་འདི་ནི་རྒྱའི་ཐང་ཡིག་ལས་གསལ་བའི་གནའ་བོའི་ཤར་ཕྱོགས་བུད་མེད་རྒྱལ་ཁབ་དེ་ངོས་འཛིན་པ་དང་། དེ་ཡང་བུད་མེད་རྒྱལ་ཁབ་ཀྱི་མོ་བཟའ་རྒྱལ་མོའི་སྐབས་ཀྱི་རྒྱལ་ས་དང་མཁར་རྫོང་། ཕོ་བྲང་སྐོར་སོགས་རོང་བྲག་རྫོང་ཁོངས་ཀྱི་སོག་པོ་དང་སྤྲོ་སྣང་བཅས་ལའང་གནའ་ཤུལ་ཡོད་པ་སོགས་བཤད་རྒྱུ་འདུག།
བྲག་སྟེང་རྒྱལ་པོའི་ཕོ་བྲང་གི་སྒོ་ཆེན།
གཞན་ཡང་བདག་གི་མེས་པོ་སྟེ་གླིང་རྗེ་གེ་སར་རྒྱལ་པོས་དཀར་པོ་འབྲས་རྫོང་ཡང་ཡུལ་འདི་ནས་ཕབ་མྱོང་བ་སོགས་གླེང་ན་མང་དུ་དོགས་པས་འདི་དང་འབྲེལ་བའི་སྐོར་སྐབས་གཞན་དུ་བཤད་པར་འདོད་དོ།། ད་ནི་རྒྱལ་རོང་གི་ས་དབྱིབས་ཆགས་ལུགས་སྐོར་ཅུང་ཟད་ཞུས་ན། སྤྱིར་ན་རྒྱལ་རོང་རྒྱལ་ཁབ་བཅོ་བརྒྱད་ནི་ཨ་མདོའི་ཤར་ལྷོའི་མཚམས་དང་ཁམས་ཀྱི་ཤར་བྱང་མཚམས་སུ་ཆགས་ཤིང་མདོ་ཁམས་གཉིས་ཀའི་ཕྱོགས་ལ་འབྲེལ་ནས་ཡོད་ལ། དེང་སང་སྲིད་འཛིན་བགོ་སྟངས་ལྟར་བཤད་ན། རྔ་བ་ཁུལ་དང་དཀར་མཛེས་ཁུལ་གཉིས་ཀྱི་སྲིད་འཛིན་ས་ཁུལ་ཏེ་འབར་ཁམས་རྫོང་། ཆུ་ཆེན་རྫོང་། བཙན་ལྷ་རྫོང་། ཁྲི་ཚང་རྫོང་། རོང་བྲག་རྫོང་། དར་མདོ་རྫོང་། ལྕགས་ཟམ་རྫོང་། གཡག་རྔ་ཀྲོན་ཆུས་བཅས་ལ་འདུག། ཡུལ་ལུང་འདི་ནི་ཕུ་ཐག་རིང་ཞིང་འགག་སྒོ་དོག་པའི་ས་ཆ་ཞིག་རེད། ས་འདིའི་འགག་སོ་སོ་ན་སྲ་ཞིང་བརྟན་ལ་མཐོ་ཞིང་བརྗིད་ཆགས་པའི་བཙན་རྫོང་མང་པོ་ཀེ་རེར་འགྱིངས་ཡོད་པ་དེ་འདས་པའི་ལོ་རྒྱུས་ལ་ཕྱི་མིག་དང་། ད་ལྟའི་གནས་བབས་ལ་བསམ་གཞིགས་ཀྱི་ཀློང་དུ་འཐིམས་པའི་ལོ་རྒྱུས་ཀྱི་བདེན་དཔང་ཚུལ་དུ་གནས་པ་དང་གཉིས་སུ་མ་མཆིས། དེ་ནི་དེང་སྐབས་ཡུལ་སྐོར་བ་ཚོས་རྫོང་སྟོང་ཅན་གྱི་རྒྱལ་ཁམས་ཞེས་འབོད་པའི་ཤར་རྒྱལ་མོ་ཚ་བ་རོང་གི་རྡོ་བརྩིགས་བཙན་རྫོང་དག་རེད། འགའ་རེས་བཤད་ན་མཁར་རྫོང་དེ་དག་ཐོག་མར་བོད་བཙན་པོའི་རྒྱལ་རབས་ཀྱི་དུས་སུ་བརྩིགས་པ་དང་། མང་ཆེ་བ་ནི་ཆིང་རྒྱལ་རབས་ཀྱི་གོང་མ་ཆན་ལུང་གིས་རྒྱལ་མོ་ཚ་བ་རོང་གི་ཆུ་ཆེན་དང་བཙན་ལྷ་ཟེར་བའི་ས་ཆར་དམག་རྒྱག་པའི་དུས་སུ་བརྩིགས་པ་ཡིན་པར་བཤད། གང་ལྟར་ཡུལ་འདིའི་ས་དབྱིབས་ནི། གླིང་གེ་སར་རྒྱལ་པོའི་སྒྲུང་ཤར་རྒྱལ་མོ་ཚ་བ་རོང་གི་འབྲས་རྫོང་ལས། ཤར་རྒྱལ་མོ་ཚ་བ་རོང་གི་ཡུལ།། རོང་ལུང་ཆེན་གསེར་གཞུང་ཡངས་པ་ལ།། ཆབ་ཆུ་བོ་རྒྱལ་མོ་རྔུལ་ཆུ་འབབ།། མ་སྲིད་པ་རྒྱལ་མོ་རྔུལ་ཆུ་རེད།། རྟ་འདོ་བས་རབ་སོ་གཅོད་ལམ་མེད།། མཐོ་བྲག་རི་གཟར་ལ་རྫ་འགག་དོག། འགག་དོག་གསུམ་མིད་པའི་འཕྲང་དང་འདྲ།། རི་རི་རྩེ་དབུ་གཏུག་གནང་བ་འདྲ།། རི་རི་སྐེད་དཔུང་བ་གཤིབ་པ་འདྲ།། ཉིན་ཉིན་རྡོ་སྲིབས་ལ་འགྲིལ་ནི་ཡིན།། སྲིབས་སྲིབས་རྡོ་ཉིན་ལ་འགྲིལ་ནི་ཡིན།། ས་རོང་ཆེན་གཟར་མོའི་སྐྱ་བར་ན།། རྡོ་ཨ་དཀར་རྩེད་མོ་རྩེད་རྩེད་རེད།། དབུས་དམུ་རྡོ་རི་བོ་མཆོག་རབ་ལ།། མཐུ་ཆེན་པོ་སྐུ་བླ་རྣམ་གསུམ་དང་།། བཀའ་གཉན་པོ་གཉན་ཆེན་སྡེ་བཞི་སོགས།། འཁོར་རི་བོ་དྲུག་ཅུ་རྩ་གཉིས་བསྐོར།། ཕྱི་དཀྱིལ་འཁོར་རེའུ་མིག་བཀྲམས་པའི་དབུས།། ཤེལ་བུམ་པ་གདན་ལ་བཀོད་པ་འདྲ།། རྩེ་གནས་ཆེན་བཞི་ལ་ལས་བཞིའི་དབྱིབས།། སྒྲུབ་གནས་ཕྲན་བརྒྱ་དང་གནས་ལག་བཅུ།། སྐེད་བྲག་དང་ནགས་རི་སྦྲགས་མ་ན།། མཆོག་ཡི་དམ་བཞི་ཡི་ཕོ་བྲང་ཡོད།། ཤོད་ལུང་ཆེན་ལྕགས་སྒྲོག་དཔྱངས་འདྲ་ལ།། ཤར་རྒྱལ་རོང་ལུང་ཆེན་བཅོ་བརྒྱད་ཆགས།། ཞེས་བྱུང་བ་ལྟར་དོན་ལ་གནས་ཞིང་དེང་རབས་ཀྱི་འཕྲུལ་ཆས་ལས་པར་དུ་བཏབ་པ་བཞིན་ཡུལ་འདིའི་ཆགས་ཚུལ་གསལ་བར་བསྟན་པ་ཞིག་གོ།།
བྲག་སྟེང་རྒྱལ་པོའི་མཁར་ཤུལ།
༢ དགེ་ལྡན་ཕུན་ཚོགས་གླིང་ལ་སོང་བའི་སྐོར།
དེ་ནས་བྱ་བའི་བྲེལ་ཟིང་གིས་རྐྱེན་པས་ཉིན་ཁ་ཤས་གནས་དེར་ལུས་ཤིང་ཁོམ་སྐབས་ཅུང་ཟད་དང་བསྟུན་ཏེ། གནས་མོ་བཞིན་བཟང་མའི་ལམ་སྟོན་ལྟར་གོང་གསལ་གནའ་ཤུལ་ཀུན་ལ་བགྲོད་པའི་སྐབས་མ་རྙེད་ཀྱང་། དེ་དག་ལས་མཁར་ཤུལ་ཅུང་ཆེ་བ་གྲགས་པ་ཁྱུང་བཤམས་བྲག་སྟེང་རྒྱལ་པོའི་རྒྱལ་སའི་ཕྱོགས་སུ་ཚེས༢༢ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུ་པ་ཙམ་ནས་སྐྱོད་མགོ་བརྩམས། རོང་བྲག་རྫོང་ནས་བྱང་ཕྱོགས་སུ་ལེ་བར་ཉེར་བརྒྱད་ཙམ་སོང་མཐར། བྲག་སྟེང་ཡུལ་ཚོ་རུ་སླེབས་ཤིང་། བྲག་སྟེང་ཡུལ་ཚོ་དང་བྲག་སྟེང་རྒྱལ་པོའི་མཁར་ཤུལ་བར་ལེ་དབར་འགས་ཆོད་འདུག། དེ་ནི་ཕྲན་གྱིས་ཁ་ལོ་བ་ལ་ཐོག་མར་བྲག་སྟེང་དུ་འགྲོ་དགོས་པ་ལས་བྲག་སྟེང་རྒྱལ་པོའི་མཁར་ཤུལ་དུ་འགྲོ་དགོས་ཚུལ་མ་གླེང་པའི་རྐྱེན་གྱིས་གནས་དེ་རུ་སླེབས་པ་ཞིག་རེད། ཕྲན་གྱིས་བསམ་པར་བྲག་སྟེང་སླེབས་ན་བྲག་སྟེང་རྒྱལ་པོའི་མཁར་ཤུལ་དུ་སླེབས་སྙམ་པ་ནི་ས་རྒྱུས་མེད་པའི་ཚོད་དཔག་ཙམ་ལས་མ་འདས། རླངས་འཁོར་ཁ་ལོ་པས་ད་ཁྱེད་རང་བྲག་སྟེང་རྒྱལ་པོའི་མཁར་ཤུལ་འགྲོ་དགོས་ན་ཕྱིར་ལེ་བར་གཉིས་གསུམ་ཙམ་སོང་ན། ད་གཟོད་ཡར་ཡོང་དུས་ལུང་ཆུང་ཞིག་གི་མདའ་ན་མཆོད་རྟེན་དཀར་པོ་ཞིག་མཐོང་བ་དེ་ནས་ཡར་རི་མགོར་འགྲོ་སའི་ལམ་ཞིག་ཡོད་པ་དེ་ནས་རྒྱལ་ཁང་སར་སྐྱོད་པའི་རླངས་འཁོར་ཕལ་ཆེར་རག་རྒྱུ་རེད་ཟེར།
བྲག་སྟེང་རྒྱལ་པོའི་མཁར་ཤུལ།
དེ་ནས་རླངས་འཁོར་ནས་བབས་ཏེ་གཡས་གཡོན་གྱི་བཟོ་བཀོད་མཛེས་པའི་རྡོ་བརྩིགས་ཁང་པ་དེ་དག་ལ་ལྟད་མོ་ལྟ་ཞོར་རྐང་ཐང་དུ་སོང་། དེ་ནས་མར་ཅུང་ཙམ་ཡོང་བའི་ལམ་གཡས་ཕྱོགས་སུ་ཕྲེད་ལམ་ཞིག་གི་འདབས་ན{ཕུན་ཚོགས་གླིང་དགོན་པའི་ངོ་སྤྲོད}ཞེས་པའི་བོད་ཡིག་ཁ་བྱང་ཡོད་པ་ཞིག་ལ་འགྲེལ་བཤད་ཚང་མ་རྒྱ་ཡིག་ཅན་ཞིག་མཐོང་། འགྲེལ་བཤད་ནང་དོན་མ་ཤེས་རུང་ཁ་བྱང་ལ་གཞིགས་ན་གནས་འདིར་ན་དགོན་པ་ཞིག་ཡོད་པ་ཐག་ཆོད་སྙམ་ནས་ཕྲེད་ལམ་དེད་དེ་སོང་། ཅུང་ཙམ་སོང་རྗེས་དགོན་པ་ཞིག་གི་རྒྱ་ཕིབས་གསེར་འོད་ལམ་ལམ་དུ་མཇལ་བྱུང་། རྡོ་སྐས་རེ་རེ་བཞིན་བརྒྱུད་དེ་སྒོ་ཁྱམས་འོག་དུ་སླེབས། དེའི་ཚེ་དགེ་ལྡན་ཕུན་ཚོགས་གླིང་དགོན་ཞེས་སྒོ་བྱང་མིག་ལམ་དུ་གསལ་བོར་མངོན་བྱུང་བས་ད་གཟོད་རི་བོ་དགེ་ལུགས་པའི་དགོན་པ་ཞིག་ཡིན་པར་ཤེས། སྒོ་ཆེན་ནས་རིམ་པའི་འདུ་ཁང་སྒོ་ཁར་སླེབས་དུས་ཕར་བལྟས་ན་ཇ་མ་ལྟ་བུའི་ཚུགས་ཀ་ཅན་གྱི་རྒྱལ་རོང་རྒས་པོ་ཞིག་དང་འཕྲད་ཅིང་། ངས་དེ་ལ་འདི་ན་གྲྭ་པ་བཞུགས་ཡོད་མེད་དྲིས་དུས་ཁོས་ཡོད་རེད་ཟེར་ནས་དགེ་བཤེས་བློ་བཟང་ལྷུན་འགྲུབ་ལགས་སྐད་གཏོང་བྱུང་། ངེད་གཉིས་ཕན་ཚུན་འཚམས་འདྲི་དང་འབྲེལ་ཁ་བརྡ་ཅུང་ཟད་བྱས་པ་ཡིན། རྒན་བློ་བཟང་ལྷུན་འགྲུབ་ལགས་ནི་རྒྱུད་སྨད་སྔགས་རམ་དགེ་བཤེས་ཐོན་པ་ཞིག་རེད་འདུག་ལ། དེ་ཉིན་མ་གཏོགས་མཇལ་མ་མྱོང་ཡང་ངོ་ཤེས་རྙིང་པ་ཞིག་གི་ཚོར་བ་སྟེར། དེ་ནི་ལོས་ཡིན་ཏེ་ས་མཐའི་ཡུལ་ལུང་ཞིག་ནས་ཕྱིར་རང་ཡུལ་དུ་སླེབས་ཚད་ཚང་མ་དེ་སྔོན་མ་མཇལ་ཡང་བསམ་བློ་དང་ཀུན་སྤྱོད་སོགས་ཁ་ཕྱོགས་གཅིག་ཏུ་གྲུབ་པས། ད་གཟོད་གྲོགས་པོ་རྙིང་བ་ཞིག་གི་ཚོར་སྣང་སྟེར་བས་ཁོང་ལ་ཡང་ཁྱད་གཤིས་འདི་གཅིག་མཚུངས་སུ་འདུག། དེ་ནས་ཁོང་གིས་ལྷ་ཁང་ནང་དུ་མཇལ་ཁ་ཁྲིད་པར་མ་ཟད། ཁོང་གི་གཟིམ་ཤག་ཏུའང་ཁྲིད། ཁོང་ནི་རྒྱལ་རོང་བ་གཞན་དག་དང་མི་འདྲ་བར་དབུས་སྐད་དག་གཙང་མཁྱེན་པས་ཕན་ཚུན་ཁ་བརྡ་ལྷུག་པོར་བྱུང་། ཁོང་གིས་གསུངས་པ་ལྟར་ན། རོང་བྲག་རྫོང་གཅིག་པུ་ལ་ཕན་ཚུན་གོ་དཀའ་བའི་རྒྱལ་རོང་ཡུལ་སྐད་མི་འདྲ་བ་བྲག་སྟེང་སྐད། ལ་སྟེང་སྐད། སོག་པོ་སྐད། པ་བམ་སྐད་དང་བཞི་ཡོད་སྐོར་གསུངས།(མཆན)<རོང་བྲག་རྫོང་བྲག་སྟེང་གི་ཐ་སྙད་འགའ་གཤམ་དུ་ཟུར་བཀོད་བྱས་ཡོད།>དེ་ལྟར་རྒྱ་ཇ་ཞིམ་པོ་ཞིག་གི་སྣེ་ལེན་དང་འབྲེལ་རང་རང་གི་ལོ་རྒྱུས་དང་ལྷག་པར་དགོན་འདིའི་གནས་ཚུལ་སོགས་གླེང་མོལ་ཟབ་རྒྱས་བྱུང་། དགེ་ལྡན་ཕུན་ཚོགས་གླིང་དགོན་པ་འདི་ནི་རྗེ་ཙོང་ཁ་པའི་དངོས་སློབ། ལམ་གཙོ་རྣམ་གསུམ་ཆེད་དུ་གསུང་སའི་ཐུགས་ཀྱི་བུ་ཆེན། ཚ་ཁོ་མཁན་ཆེན་ངག་དབང་གྲགས་པས་མདོ་ཁམས་གཉིས་དང་འབྲེལ་བའི་ཤར་རྒྱལ་མོ་ཚ་བ་རོང་གི་སའི་ཆ་རུ་ཞྭ་སེར་རིང་ལུགས་འཛིན་པའི་དགོན་པ་ཆེ་ཆུང་བརྒྱ་རྩ་བརྒྱད་ཙམ་བཞེངས་པའི་གྲལ་དུ་གཏོགས་ཤིང་། སྤྱི་ལོ༡༤༣༠ལོར་ཚ་ཁོ་མཁན་ཆེན་ཁོང་གིས་དགོན་སྡེ་འདི་ཉིད་ཐོག་མ་གསར་དུ་བཏབ་པ་ཞིག་རེད་འདུག། བར་དུ་མན་ཇུའི་གོང་མ་ཆན་ལོང་སྐབས་སུ་དགོན་པ་འདི་དར་རྒྱས་ཀྱི་རྩེ་མོ་ཡིན་པ་དང་སྐབས་དེར་བླ་གྲྭ་ཡང༢༨༠ལྷག་ཡོད་སྐད་འདུག། སྤྱིར་ན་འཕེལ་འགྲིབ་དང་དར་རྒུད་ནི་དངོས་པོ་ཀུན་གྱི་ཆོས་ཉིད་ལྟར་དགོན་འདི་ལའང་འཕེལ་འགྲིབ་དང་དར་རྒུད་ཅི་རིགས་བྱུང་འདུག། ལྷག་པར་དུ་སྤྱི་ལོ༡༩༥༩ལོའི་དུས་འགྱུར་སྐབས་བོད་སྤྱི་དང་གཅིག་མཚུངས་ལྟར་ཉམས་རྒུད་དུ་སོང་ཤིང་། སྤྱི་ལོ༡༩༨༤ལོ་མི་རིགས་ཆོས་ལུགས་སྲིད་ཇུས་གུ་ཡངས་སྐབས་རྫོང་དང་ཁུལ་རིམ་པས་རྒྱབ་སྐྱོར་འོག་དགེ་བཤེས་ཐུབ་བསྟན་མཐར་ཕྱིན་གྱིས་དབུ་ཁྲིད་དེ་ངལ་བ་ཆེན་པོས་དགོན་འདི་ཉིད་བསྐྱར་གསོ་བྱས། ད་ལྟར་རྒྱུན་དུ་བཞུགས་པའི་བླ་གྲྭ་ཉི་ཤུ་ལྷག་འདུག་ལ་འབྲས་སྤུངས་ནས་ཕེབས་པའི་དགེ་བཤེས་གཉིས་དང་རྒྱུད་སྨད་ནས་ཕེབས་པའི་དགེ་བཤེས་བཞི་བཅས་ཡོད་འདུག།
བྲག་སྟེང་རྒྱལ་པོའི་མཁར་ཤུལ།
སྤྱིར་ན། ཤར་རྒྱལ་མོ་ཚ་བ་རོང་འདི་ན་ལོ་རྒྱུས་ཐོག་གི་སྐྱེས་ཆེན་བཻ་རོ་ཙ་ནའི་དངོས་སློབ་གཡུ་སྒྲ་སྙིང་པོ་སོགས་སྐྱེས་ཆེན་མང་དུ་འཁྲུངས་མྱོང་བ་དང་། ལྷག་པར་དུ་རི་བོ་དགེ་ལྡན་པའི་སྐྱེས་ཆེན་གསེར་རི་ཕྲེང་བ་ལྟ་བུའི་དགའ་ལྡན་ཁྲི་བ་ཁྲི་ཆེན་བློ་བཟང་སྨོན་ལམ་དང་ཁྲི་ཆེན་བློ་བཟང་ལྷུན་གྲུབ། ཁྲི་ཆེན་མཁྱེན་རབ་དབང་ཕྱུག། ཁྲི་ཆེན་འཇམ་དབྱངས་དམ་ཆོས། ཁྲི་ཆེན་ཡེ་ཤེས་ཆོས་འཕེལ། ཁྲི་ཆེན་བྱང་ཆུབ་ནམ་མཁའ། ཁྲི་ཆེན་བློ་བཟང་ཚུལ་ཁྲིམས་བཅས་མཁས་གྲུབ་གཉིས་ལྡན་གྱི་དགའ་ལྡན་གསེར་ཁྲི་འཛིན་པ་སྐྱེས་ཆེན་བདུན་ཙམ་བྱོན་མྱོང་བ་རེད་འདུག། དེ་ནས་དགེ་བཤེས་ལགས་དང་གྱེས་ཕྱག་ཕུལ་ནས་བྲག་སྟེང་རྒྱལ་པོའི་མཁར་དུ་བསྐྱོད་པའི་ལམ་དུ་ཞུགས། ཕུན་ཚོགས་གླིང་དགོན་པ་ནས་ཅུང་ཟད་གཞུང་ལམ་དེད་དེ་རོང་བྲག་རྫོང་ཕྱོགས་སུ་སོང་ན།ཡར་ཡོང་དུས་མཐོང་བའི་བོན་པའི་དགོན་པ་གཡུང་དྲུང་གླིང་དགོན་པ་དེ་དང་ཐུག་ཅིང་། དེ་ལ་ཡང་དེ་སྔོན་འཆར་གཞི་ལྟར་མཇལ་སྐོར་བྱས་མོད། འོན་ཀྱང་བླ་རྒན་རེ་གཉིས་མཇལ་རྒྱུ་འདུག་ཀྱང་ལོ་རྒྱུས་ཡིག་ཆ་དང་གནས་བཤད་བྱེད་མཁན་དམིགས་བསལ་མ་རག་པས་དགོན་པ་འདི་ཚུལ་ཇི་ལྟར་དང་གནས་ཚུལ་གང་འདྲ་ཡིན་པ་སོགས་མ་ཤེས་པས་རེ་ཞིག་མི་བསྐྱུར་ཐབས་མེད་བྱུང་། དེ་ནས་ཤར་བསྐྱོད་ཀྱིས་བྲག་སྟེང་མཁར་ཤུལ་ཡོད་སར་སོང་།
བྲག་སྟེང་རྒྱལ་པོའི་མཁར་ཤུལ།
༣༽ཁྱུང་བཤམས་བྲག་སྟེང་རྒྱལ་པོའི་མཁར་ཤུལ་ལ་སོང་བའི་སྐོར།
བྲག་སྟེང་རྒྱལ་པོ་ནི་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་ཡ་གྱལ་ཞིག་དང་རྒྱ་ཡིག་ཏུ(巴底土司)ཟེར་གྱིན་འདུག
རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ནི།
༡ ཆུ་ཆེན་རབ་བརྟན་རྒྱལ་པོ།(齐钦然登土司) ༢ བཙན་ལྷ་བདག་ཆེན་རྒྱལ་པོ།(赞拉土司) ༣ སོ་མང་རྒྱལ་པོ།(梭磨土司) ༤ རྫོང་འགག་རྒྱལ་པོ།(松岗土司) ༥ ཅོག་ཙེ་རྒྱལ་པོ།(卓克基土司) ༦ བསྟན་པ་རྒྱལ་པོ།(党坝土司) ༧ ཁྲོ་སྐྱབས་རྒྱལ་པོ།(卓斯甲土司) ༨ རྒྱལ་ཁ་བཀྲ་ཤིས་གླིང་།(杂谷土司) ༩ འོག་གཞི་རྒྱལ་པོ།(沃日土司)༡༠ མདོ་ལུང་རྒྱལ་པོ།(瓦寺土司) ༡༡ དགེ་ཤིས་ཙ།(革什杂土司)༡༢ བྲག་སྟེང་རྒྱལ་པོ།(巴底土司)༡༣དཔའ་བམ།(巴旺土司)༡༤ ལྕགས་ལ་རྒྱལ་པོ།(康定明证土司)༡༥ འགུ་ཐང་རྒྱལ་པོ།(鱼通土司)༡༦ འགག་སྟོད་རྒྱལ་པོ།(冷边土司)༡༧ འགག་སྨད་རྒྱལ་པོ།(天全六番土司)༡༨ མུ་ཕྱི་རྒྱལ་པོ།(穆坪土司)བཅས་སོ།།
བྲག་སྟེང་རྒྱལ་པོའི་ཕོ་བྲང་གི་ཀ་མགོ་ཞིག
བྲག་སྟེང་རྒྱལ་པོའི་ཕོ་བྲང་དུ་ཡོད་པའི་ལྡེབས་རིས།
རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་གྱེས་ཚུལ་དང་གྲངས་འདྲེན་ལ་བཤད་ཚུལ་འགའ་ཡོད་མོད། འོན་ཀྱང་། ཤར་ཕྱོགས་བུད་མེད་རྒྱལ་ཁབ་ནས་རིམ་བཞིན་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ལ་གྱེས་ཚུལ། ཞིབ་འཇུག་པ་རྒན་དཀོན་མཆོག་རྡོ་རྗེའི་རྒྱལ་རོང་མོ་བཟའ་རྒྱལ་མོའི་སྐོར་གྱི་གསང་ཞིབ་ཅེས་པའི་དཔྱད་རྩོམ་ལས།“དམ་པ་ཁྱུང་གི་གདུང་རབས་ནས་མཆེད་པའི་ཁྱུང་འཕགས་ཁྲ་མོ་ཤར་རྒྱལ་མོ་རོང་དུ་བསྟན་འགྲོའི་དོན་ལ་ཡབ་ཀྱི་བཀའ་བཞིན་དུ་མདོ་ཁམས་སུ་བྱོན། དེ་ནས་ཤར་རྒྱལ་མོ་རོང་དུ་བྱོན་ནས་ཤར་རྒྱལ་མོ་རོང་རྒྱལ་མོ་ཏོག་ཅོག་རི་ལ་ཕེབས། དེ་རྗེས་མི་ཉག་གི་རྒྱལ་པོ་དང་རྒྱལ་རོང་མངའ་འབངས་རྣམས་ཀྱིས་ཁོང་ཤར་རྒྱལ་མོ་རོང་གི་མངའ་བདག་ཆེན་པོའི་རྒྱལ་སར་ཁྲི་བསྐོས་བྱས་ཏེ་རྒྱལ་རོང་བུད་མེད་རྒྱལ་ཁབ་ཀྱི་རྒྱལ་མོ་མཐའ་མ་ལྷ་མོ་མདངས་ལྡན་མ་ཁབ་ཏུ་བཞེས་ཏེ་མིང་སྲིང་མང་དུ་སྐྱེས་ཤིང་དེ་དག་ལས་བུ་བཞི་སྟེ་སོ་སོ་ཤར་དབང་ཙ། ལྷོ་དགེ་ཤིས་ཙ། ནུབ་ཁྲོ་ཙ། བྱང་སོ་ཙ་སོགས་བུ་བཞི་འཁྲུངས། དེ་དག་འུ་ཚོའི་ལོ་རྒྱུས་རྣམས་སུ་འབྲུག་ལྟར་གྲགས་པའི་སྨད་ན་བུ་འབོར་གཡུང་དྲུང་བུ་བཞི་ཞེས་པ་དེ་རྣམས་ཡིན། བུ་བཞི་ལ་ཡབ་ཁྱུང་འཕགས་ཁྲ་མོས་བོན་མདོ་སྔགས་རྒྱུད་གསུམ་གྱི་རྒྱུད་ཁ་མ་ལུས་ཡོངས་སུ་རྫོགས་པར་སྲས་བུ་འབོར་གཡུང་དྲུང་ཙ་བཞི་ལ་གནང་། བུ་དེ་བཞིས་ཡབ་ཡུམ་གྱི་ཐུགས་དགོངས་བཞིན་རྒྱལ་རོང་གི་རྒྱལ་ཁབ་བཞི་ལ་དབང་སྒྱུར་ཞིང་རིམ་བཞིན་རྒྱལ་རོང་རྒྱལ་ཁབ་བཅོ་བརྒྱད་ཅེས་པའི་གཞི་ཚུགས།”ཞེས་གསུངས་འདུག། གང་ལྟར་སྐབས་དོན་དང་འབྲེལ་བའི་བྲག་སྟེང་རྒྱལ་པོ་དང་ཕོ་བྲང་སྐོར་ཟིན་བྲིས་སུ་མདོར་ཙམ་བཀོད་ན། ལོ་རྒྱུས་ཡིག་ཚང་དུ་འཁོད་གསལ་ལྟར་བྲག་སྟེང་རྒྱལ་པོ་ཀུན་དགའ་ནོར་བུ་ནས་ཉི་མ་དབང་འདུས་བར་ཏེ། ཕལ་ཆེར་དུས་རབས་བཅུ་གསུམ་པ་ཡས་མས་ནས་དུས་འགྱུར་བྱུང་བའི་བར་རྒྱལ་རབས་ཉེར་གཉིས་ཙམ་བྱུང་ཡོད་སྐད་འདུག། ཁྱུང་བཤམས་རྒྱལ་པོའི་ཕོ་བྲང་འདི་ནི་བྲག་སྟེང་རྒྱལ་པོ་རིམ་བྱོན་རྣམས་དབྱར་ཁའི་བཞུགས་གནས་སུ་གྲགས་ལ།ཕོ་བྲང་ཧྲིལ་བོ་ཕྱོགས་བཞི་ཁང་བ་ཡོད་པའི་ར་སྐོར་ལས་གྲུབ་ཅིང་། ཁ་ལྷོ་རུ་གཏད་པ་དང་རྒྱ་ཆེ་ཆུང་སྨི་གྲུ་བཞི་མ་༢༠༠༠ལྷག་ཡོད་པ་འདྲ། དཀྱིལ་གྱི་མཁར་རྫོང་ནི་ཐོག་བརྩེགས་རིམ་པ་དགུ་ཅན་ཞིག་གཡས་གཡོན་གྱི་ཐོག་བརྩེགས་རིམ་པ་དྲུག་ཅན་དང་འབྲེལ་ནས་ཡོད་ཀྱང་ད་སྐབས་གཡས་ཕྱོགས་ཀྱི་ཁང་པ་ཞིག་རལ་དུ་གྱུར་ནས་མི་མངོན་པར་གྱུར། ར་སྐོར་ལ་གོང་འོག་གཉིས་དང་ཤར་ནུབ་ཀྱི་ར་སྐོར་ཅུང་མི་འདྲ་བ་གཉིས་འདུག། མདོར་ན། སྔོ་ལྗང་ལྗང་གི་མ་རྨོས་ལོ་ཏོག་དང་། ཤིང་ཏོག་འདྲ་མིན་སྣ་ཚོགས་སོགས་ཀྱི་དབུས་ན་རྡོ་བརྩིགས་ཀྱི་བཟོ་བཀོད་སྤུས་ལེགས་ཤིང་། གནའ་བོའི་ལག་རྩལ་གྱི་རིན་ཐང་མངོན་པར་བཀྲ་ཞིང་། བཟོ་བཀོད་ཀྱི་རྔམ་ཟིལ་བླ་ན་འབར་བ་དེས་ཕྱོགས་ཀྱི་མགྲོན་པོ་རྣམས་ལ་མི་ལོ་བརྒྱ་སྟོང་གི་བྱུང་བ་རྣམས་བདེན་དཔང་གི་ཚུལ་དུ་གསལ་བཤད་བྱེད་བཞིན་པ་དང་གཉིས་སུ་མ་མཆིས། བརྟག་དཔྱད་ཀྱི་རིན་ཐང་ལྡན་ཞིང་། ལོ་རྒྱུས་ཀྱི་དཔང་པོར་འོས་པ། བཟོ་རྩལ་གྱིས་ཡིད་དབང་འཕྲོག་པ་སོགས་ཀྱིས་རྐྱེན་པས་རོང་བྲག་རྫོང་གི་ཡུལ་སྐོར་བ་ཆེས་མང་ཤོས་གནས་འདིར་འདུས་པ་གྲགས་པའང་དོན་ལ་གནས་སོ་སྙམ། ཞིག་རལ་ཏུ་སོང་བའི་ཕོ་བྲང་འདི་ཐེངས་འགར་ཡང་སྐོར་དང་བསྐྱར་སྐོར་བྱས་མཐར་དུས་ཚོད་ཀྱིས་དབང་གིས་ཕྲན་ཡང་རེ་ཞིག་གནས་འདི་དང་ཁ་མི་བྲལ་ཐབས་མེད་གྱུར། འགྲོ་ཞོར་དུ་ཕྱིར་མིག་རེ་འཕངས་ན་ཚོར་སྣང་རེ་དབང་དུ་འདྲེན་འོང་ལ། ལྷག་ཏུ་རྒྱང་ཐག་ཇེ་རིང་དུ་སོང་ན་དེ་བས་ཚོར་སྣང་དམིགས་བསལ་རེ་འདྲེན་འོང་བ་ཞིག་རེད། དེ་ནས་འཕྲུལ་རྟ་ཞོན་མཁན་ཞིག་གི་བཀའ་དྲིན་ལས་རི་འདབས་སུ་སླེབས། དེ་རུ་ཅུང་བསྒུགས་ཀྱང་རླངས་འཁོར་མ་རག་པས་རྐང་ཐང་ལ་ལེ་བར་གཉིས་གསུམ་ཙམ་སོང་། མཐར་ཟ་ཁང་ཞིག་ཐུག་ནས་དགོང་ཟས་དང་གུང་ཟས་སྟབས་གཅིག་ཏུ་རོལ། དེ་ནས་ཅུང་བསྒུགས་པས་རླངས་འཁོར་ཞིག་རག་ནས་མུན་རུབ་ཁར་སླར་རོང་བྲག་རྫོང་ཐོག་ཏུ་སླེབས། དེ་རུ་ཉིན་གཉིས་གསུམ་ལས་དོན་བསྒྲུབས་ཤིང་ཚེས༢༤ནུབ་མོར་དཀར་མཛེས་སུ་ཡོང་བའི་ལམ་དུ་ཞུགས། སྐབས་དེར་མགར་ཐར་དང་རོང་བྲག་བར་གྱི་ཚོར་སྣང་ནི་འདི་ལྟར་ཏེ།
ཕ་མའི་རྒས་གཉེར་དྲན་པའི་སྐྱོ་སྣང་དང་།།
གཅེས་ཕྲུག་མིང་སྲིང་དྲན་པའི་གདུང་བ་གཉིས།།
མཛའ་མོའི་ཤ་དྲོད་དྲན་པའི་ཚོར་བ་གསུམ།།
གཅིག་གིས་གཅིག་ལ་འགྲན་བཞིན་ལམ་དུ་ཞུགས།།
ངམ་ནག་དྲག་ཆར་འབབ་པའི་ཤག་སྒྲ་དང་།།
གཡང་གཟའ་འགག་འཕྲང་སྙེག་པའི་སྐྲག་སྣང་གཉིས།།
མགར་ཐར་རོང་བྲག་བར་གྱི་སྐྲག་སྣང་འདི།།
ཤི་གསོན་བྱེ་མའི་ལམ་ལ་ཆས་པ་འདྲ།།
རི་གཟར་རྦ་རྡོ་འགྲིལ་བའི་འཇིགས་པ་དང་།།
ཆུ་བོས་འགྲོ་ལམ་བཅད་པའི་དོགས་པ་གཉིས།།
མགར་ཐར་རོང་བྲག་བར་གྱི་འཇིགས་དོགས་འདི།།
གཤིན་རྗེའི་འཕྲང་ལམ་བགྲོད་པའི་སྣང་བ་སྟེར།།
གླིང་ཚང་གསེར་སྨྱུག་འབོད་པ་དེས་ཤར་རྒྱལ་མོ་ཚ་བ་རོང་ནས་ཟིན་བྲིས་སུ་བཏབ་པ་དེ་ཉིད༢༠༢༠.༡༠.༡ཉིན་ཁམས་ལི་ཐང་ནས་བསྐྱར་བཅོས་ཅུང་བྱས་ཏེ་ཕུལ།།
བྲག་སྟེང་རྒྱལ་པོའི་མཁར་ཤུལ།
༼ཟུར་བཀོད།༽
སྔགས་རམས་དགེ་བཤེས་བློ་བཟང་ལྷུབ་འགྲུབ་དང་ཁ་བརྡ་བར་ནས་རྙེད་པའི་རྒྱལ་རོང་གི་ཡུལ་སྐད་ཟུར་ཞིག།
རྒྱ་རོང་བྲག་སྟེང་གི་ཡུལ་སྐད་ལ་དཔེར་ན།
ལྷམ་ལ། ཏིག་རྩེ།
ཕོར་བ་ལ། ཁུར།
ཐབ་ཀ་ལ། ཚོའུ་ཐོ།
ཇ་ལ། ཇ།
ཁང་པ་ལ། གྱང་།
རྟ་ལ། འབོ་རོ།
གཡག་ལ། ཀུ་རུ།
བོང་བུ་ལ། ཏི་མེ།
ཆོས་ལ། ཆོས།
དགོན་པ་ལ། དགོན་བེ།
བསང་ཁང་ལ། བསང་མཆོད་མཁར།
རྩམ་པ་ལ། རྩམ་བེ།
མར་ལ། དར་མན།
ཕྱུར་ར་ལ། ཕྱུར་བེ།
སྒེའུ་ཁང་ལ། ཁང་རྩེ།
མགོ་ལ། རྟ་ཀོ།
མིག་ལ། དི་རྙེད།
རྣ་བ་ལ། དི་ཤི་ནེ།
སྣ་ལ། དི་ཁེ།
ཁ་ལ། དི་མཇེར།
འགྲམ་པ་ལ། དི་བྷེ།
སོ་ལ། དི་སོས།
རྐང་པ་ལ། ད་མེ།
ལག་པ་ལ། ཏ་ཡག།
བྲག་སྟེང་རྒྱལ་པོའི་མཁར་ཤུལ།
གླིང་ཚང་གསེར་སྨྱུག་གིས་བྲིས།
གངས་དབང་གིས་པར་བླངས།