འཛམ་གླིང་གི་བརྒལ་ཚད་ཆེ་བའི་ལྕཊ་ལམ་གྱི་དཔྱང་ཐག་ཟམ་པ་མཉམ་བསྲེས་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-10-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཟླ10པའི་ཚེས13ཉིན་གྱི་སྔ་དྲོའི་ཆུ་ཚོད11དང་སྐར་ཆ18ཐོག་མཐའ་མའི་ལྗིད་ཚད་ལ་ཏུན་640ཟིན་པའི་ལྕགས་གདུང་དེ་གནད་ལ་འཁེལ་བའི་ངང་དཔྱང་འདེགས་ལྷུ་སྒྲིག་བྱས་པ་དེས་ཀྲུང་གོ་ལྕགས་ལམ་ཁང་གཉིས་པས་ཇུས་འགོད་བྱས་པ་དང་།ཀྲུང་གོ་ལྕགས་ལམ་ཟམ་ཆེན་ཅུས་ཀྱིས་སྐྲུན་འགན་འཁུར་བའི་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ལས་འབྲི་ཆུའི་ཟམ་ཆེན་དེ་སྦྲེལ་མཐུད་བྱུང་བ་དང་།  དེས་འཛམ་གླིང་གི་བརྒལ་ཚད་ཆེ་བའི་ལྕགས་ལམ་གྱི་ཆེད་སྤྱོད་འཕྱང་ཐག་ཟམ་པའི་ལས་གྲྭ་གཙོ་བོ་ཐོག་མ་ལེགས་གྲུབ་བྱུང་བ་མཚོན་ཡོད་ལ།ཟམ་ཆེན་དུས་བཀག་ལྟར་ཤར་གཏོང་ཐུབ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད།

    ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ནི་ས་དམ་དང་སེམས་ཀྱི་ཉི་ཟླ་སྦྲེལ་མཐུད་བྱེད་པ་དང་འབྲི་ཆུའི་ཟམ་ཆེན་ནི་ལམ་ཐིག་ཧྲིལ་པོའི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཞིག་རེད།ཟམ་ཆེན་གྱི་རིང་ཚད་ལ་སྨི་882.5ཡོད་པ་དང་། བརྒལ་ཚད་གཙོ་བོར་སྨི་660ཡོད།  ཟམ་ངོས་དེ་གཙང་པོའི་ངོས་དང་བར་ཐག་སྨི་250ཙམ་ཡོད་པ་དེ་ཐོག་བརྩེགས་80ལྷག་ཙམ་གྱི་མཐོ་ཚད་དང་མཚུངས།

      ཤེས་རྟོགས་བྱུང་བར་གཞིགས་ན། ཟམ་པ་དེ་ཚིགས་71བར་གྱི་ངར་ལྕགས་གདུང་མར་སྒྲིག་སྦྱོར་བྱས་ནས་གྲུབ་པ་རེད། ལྕགས་གདུང་གི་ལྗིད་ཚད་ཆེ་ཤོས་ཏུན་640ཟིན་པ་དེ་གླང་ཆེན་མགོ་གྲངས་120ལྷག་ཙམ་གྱི་ལྗིད་ཚད་དང་མཚུངས།ཀྲུང་གོ་ལྕགས་ལམ་ཟམ་ཆེན་ཅུས་ཀྱིས་མིག་སྔར་འཛམ་གླིང་ཐོག་གི་ལྗིད་འདེགས་འཕྲུལ་འཁོར་ཆེ་ཤོས་ཏུན་800ཟིན་ཡོད་པ་ཞིག་རང་བརྟེན་ཇུས་འགོད་བྱས་ཡོད།   གདུང་མའི་མཐོ་ཚད་ནི་ཐོག་སོ་117གྱི་མཐོ་ཚད་དང་མཚུངས་ཤིང་།དེ་ནི་མིག་སྔར་འཛམ་གླིང་ཐོག་གི་ལྗིད་འདེགས་མཐོ་ཚད་མཐོ་ཤོས་ཀྱི་འབྲེང་ཐག་དཔྱང་ཐག་ཀྱང་རེད།  དེའི་ཐོག་བསྐྲུན་པའི་རིག་ནུས་བདེ་འཇགས་ལྟ་སྐུལ་ཚོད་འཛིན་མ་ལག་དང་ཆ་འཕྲིན་ཅན་གྱི་དོ་དམ་མ་ལག་ལ་གཏན་འཁེལ་གྱི་ལྗིད་ཚད་ཆེ་བ་དང་།རང་འགུལ་ཅན་གྱི་ཚོད་འཛིན་བྱེད་ཚད་མཐོ་བ། ལྟ་སྐུལ་ཚོད་འཛིན་མ་ལག་བདེ་འཇགས་བློས་འགེལ་ཆོག་པ།འཐེན་འདྲེན་མ་ལག་སྔོན་ཐོན། སྒྲིག་སྦྱོར་མྱུར་ཚད་མགྱོགས་ལ་ཞིབ་ཚད་མཐོ་བ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད།

     ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ནི་ཡུན་ནན་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དུ་གནས་ཡོད།ལམ་ཐིག་དེ་ས་དམ་ནས་འགོ་བརྩམས་ཏེ་བྱང་དུ་འབྲི་ཆུ་བརྒལ་བའི་གྲོག་རོང་སྟེ་སྟག་མཆོང་གྲོག་འགག་མཆོང་བརྒྱུད་ནས་སེམས་ཀྱི་ཉི་ཟླར་འབྱོར་རྒྱུ་ཡིན་ལ་ཁྱོན་རིང་ཚད་སྤྱི་ལེ་140ཟིན་པ་དང་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་120ཟིན་གྱི་ཡོད། ལམ་ཐིག་ཤར་གཏོང་ཐུབ་རྗེས་ཏ་ལི་ནས་ས་དམ་བར་གྱི་ལྕགས་ལམ་དང་།ཀོང་ཐུང་ནས་ཏ་ལི་བར་གྱི་ལྕགས་ལམ། ཁྲེང་ཁུན་ལྕགས་ལམ་བཅས་སྦྲེལ་མཐུད་ཐུབ་རྒྱུ་རེད། རྣམ་གྲངས་བསྐྲུན་ཚར་རྗེས་ཁུན་མིང་ནས་སེམས་ཀྱི་ཉི་ཟླའི་བར་ཆུ་ཚོད་4ཐོན་ཐུབ་པའི་རེ་བ་ཡོད་པ་དང་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་ཆུ་ཚོད་1ཙམ་ལས་འགོར་རྒྱུ་མ་རེད།