རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-10-15   རྩོམ་ཁུངས།    ཁམས་པའི་དྲ་བ།
འབའ་མདོ་ཤོད་ཀྱི་དམངས་ཁྲོད་སྒྱུ་རྩལ་པ་བསྟན་པ་རྒྱ་མཚོ།
གཅིག་ཟེར་བླ་མ་དཀོན་མཆོག། གཉིས་ཟེར་སངས་རྒྱས་དཀོན་མཆོག། གསུམ་ཟེར་ཆོས་དཀོན་མཆོག། བཞི་ཟེར་དགེ་འདུན་དཀོན་མཆོག། དཀོན་མཆོག་གསུམ་པོ་གོང་ལ་བཞག་ནས།། ངས་དར་འདི་ལ་དར་བཤད་ཚིག་གསུམ་མ་བྱེད་ན།། དར་ལྐུགས་པ་རྐྱོང་དང་ཁྱད་མེད་རེད།། ཚོང་དཔོན་ཉི་མ་དོན་འགྲུབ་དང་།། ལག་རྡོ་ཀརྨ་བཀྲ་ཤིས་གཉིས།། རྒྱ་དྲེལ་མི་ཉག་རས་པ་གསུམ།། སྟོད་རྒྱ་གར་ཡུལ་ལ་དར་སྒྲུབ་འགྲོ།། རྒྱ་གར་བུ་མོ་ཆོས་གཡང་མཚོ།། དར་བཏགས་དར་ལེན་ཨེ་ཤེས་ཟེར།། དར་བཏགས་དར་ལེན་མ་ཤེས་ཟེར།། དཔེ་རིག་ཅིག་ཡོད་ན་ལོས་ཤེས་ཟེར།། ཚོང་དཔོན་ཉི་མ་དོན་འགྲུབ་དང་།། ལག་རྡོ་ཀརྨ་བཀྲ་ཤིས་གཉིས།། རྒྱ་དྲེལ་མི་ཉག་རས་པ་གསུམ།། སྨད་རྒྱ་ནག་ཡུལ་ལ་དར་སྒྲུབ་འགྲོ།། རྒྱ་ནག་བུ་མོ་ཁྲིམས་གཡང་མཚོ།། དར་བཏགས་དར་ལེན་ཨེ་ཤེས་ཟེར།། དར་བཏགས་དར་ལེན་མ་ཤེས་ཟེར།། དཔེ་རིག་ཅིག་ཡོད་ན་ལོས་ཤེས་ཟེར།། ཚོང་དཔོན་ཉི་མ་དོན་འགྲུབ་དང་།། ལག་རྡོ་ཀརྨ་བཀྲ་ཤིས་གཉིས།། རྒྱ་དྲེལ་མི་ཉག་རས་པ་གསུམ།། བར་བལ་པོའི་ཡུལ་ལ་དར་སྒྲུབ་འགྲོ།། བལ་པོའི་བུ་མོ་ཨ་རྒྱན་མཚོ།། དར་བཏགས་དར་ལེན་ཨེ་ཤེས་ཟེར།། དར་བཏགས་དར་ལེན་ངས་ཤེས་ཟེར།། སྟེང་ལྷ་ཆེན་བརྒྱད་ཀྱིས་བལ་དེ་བྲེགས།། འོག་ཀླུ་ཆེན་བརྒྱད་ཀྱིས་བལ་དེ་འདབ།། འདབ་ས་གསེར་ཤད་དངུལ་ཤད་རེད།། འཁེལ་ས་གསེར་འཕང་དངུལ་འཕང་རེད།།བཞུ་ས་གསེར་བཞུ་དངུལ་བཞུ་རེད།། དུང་གི་ཕུར་པ་ལྔ་རྡུང་རེད།། ཐབས་ཤེས་རབ་སྒོ་ནས་སྐད་ཅིག་རྒྱབ།། བློ་རྫུ་འཕྲུལ་སྒོ་ནས་འཐག་ཅིག་བཏགས།། བཏགས་ས་གསེར་ཟངས་དངུལ་ཟངས་རེད།། འཕྲུལ་ལུ་གསེར་འདྲིལ་དངུལ་འདྲིལ་རེད།། རྡོག་གདན་གསེར་གདན་དངུལ་གདན་རེད།། འཕྲུལ་ཀོང་གསེར་ཀོང་དངུལ་ཀོང་རེད།།
དར་འདི་ནི་བྱུང་བ་གང་ནས་བྱུང་།། དར་འདི་ནི་བྱུང་བ་རྒྱ་ནས་བྱུང་།། རྒྱ་བུ་མོ་གསུམ་གྱི་ལག་ནས་ལོན།། རྒྱ་མོ་བློ་གཤོགས་ཆེན་མོས་བཏགས་པའི་དར། ཚོང་དཔོན་དབང་ཐང་ཆེན་པོས་ལོན་པའི་དར།། སྐྱ་ལོ་རྒྱུ་སྟོབས་ཆེན་པོས་ཉོས་པའི་དར།། གསེར་སེར་པོ་མེད་ན་མི་ལོན་དོ།། དངུལ་དཀར་པོ་མེད་ན་མི་ཁུག་དོ།། གཡུ་སྔོན་པོ་མེད་ན་མི་འགྲིག་དོ།། གཟི་སྤོས་ཤེལ་མེད་ན་མི་བཙོང་དོ།། དྲེལ་སྨུག་ཆུང་མེད་ན་མི་འབོག་དོ།། ཅང་འདོ་བ་མེད་ན་མི་ཁུག་དོ།། མཛོ་ཨ་ཆུང་མེད་ན་མི་ཆུད་དོ།།གཡག་འབྲོང་གཡག་མེད་ན་མི་ཆོག་དོ།།དར་དེ་ཡི་ཆེ་ཆུང་དེ་ཙམ་ཡོད།། དར་དེ་ཡི་གོང་ཐང་ཆེ་དོན་བཤད་བཞག་ན།། དར་མགོ་ལ་ཚ་ལྭ་དཀར་གསུམ་ཡོད།། དར་མགོ་ལ་ཚ་ལྭ་དཀར་གསུམ་དེ།། སྟོད་རྒྱ་གར་ཆོས་ཀྱི་ཆགས་ཚུལ་དེ།། འབོད་མི་དགོས་དར་མགོ་དེ་ལ་འཛོམས།། དར་སྐེད་ལ་གཡུ་འབྲུག་རི་མོ་ཡོད།། དར་སྐེད་ལ་གཡུ་འབྲུག་རི་མོ་དེ།། བར་བལ་པོ་བཟོ་ཡི་རྒྱལ་པོའི་ཆགས་ཚུལ་དེ།། འབོད་མི་དགོས་དར་སྐེད་དེ་ལ་འཛོམས།།དར་མཐའ་ལ་རྒྱ་ནག་ལྕགས་རི་ཡོད།།དར་མཐའ་ལ་རྒྱ་ནག་ལྕགས་རི་དེ།། སྨད་རྒྱ་ནག་ཁྲིམས་ཀྱི་རྒྱལ་པོའི་ཆགས་ཚུལ་དེ།།འབོད་མི་དགོས་དར་མཐའ་དེ་ལ་འཛོམས།།དར་དང་པོ་བཏགས་པ་ག་ལ་བཏགས།།དར་དང་པོ་བཏགས་པ་སྟེང་ལ་བཏགས།། སྟེང་ལྷ་ཆེན་ཚངས་པ་བརྒྱ་བྱིན་ལ་དར་ཅིག་བཏགས།། སྟེང་ལྷ་ཆེན་ཚངས་པ་བརྒྱ་བྱིན་ལ་དར་བཏགས་ཨེ་དགོས་དེ།། མི་རྒྱུད་ལྷ་ལས་ཆད་པའི་སྨོན་ལམ་ཡིན།། དར་གཉིས་པ་བཏགས་པ་ག་ལ་བཏགས།། དར་གཉིས་པ་བཏགས་པ་བོད་ལ་བཏགས།། བོད་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ལ་དར་ཅིག་བཏགས།། བོད་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ལ་དར་བཏགས་ཨེ་དགོས་དེ།། མི་ཚེ་དེ་ཆུ་བས་རིང་བའི་སྨོན་ལམ་ཡིན།། དར་གསུམ་པ་བཏགས་པ་ག་ལ་བཏགས།། དར་གསུམ་པ་བཏགས་པ་འོག་ལ་བཏགས།། འོག་ཀླུ་རྒྱལ་གཙུག་ན་རིན་ཆེན་ལ་དར་ཅིག་བཏགས།། ཀླུ་རྒྱལ་པོ་གཙུག་ན་རིན་ཆེན་ལ་དར་བཏགས་ཨེ་དགོས་དེ།། ནོར་ཕྱུགས་རྟག་ཏུ་ལེགས་པའི་སྨོན་ལམ་ཡིན།། དར་ཡར་བཏགས་ཨ་སྔོན་དགུང་ལ་བཏགས།། ཨ་སྔོན་དགུང་ལ་དར་བཏགས་ཨེ་དགོས་དེ།། མི་མགོ་དགུང་བས་མཐོ་བའི་སྨོན་ལམ་ཡིན།། གསེར་ཉི་ལྷ་མ་བཞུད་གཞི་བཞག་ཡིན།།འཇའ་སྐར་ཚོགས་བཀྲ་བའི་སྨོན་ལམ་ཡིན།། དར་ཕར་བཏགས་རྡོ་རྗེ་བྲག་ལ་བཏགས།།རྡོ་རྗེ་བྲག་ལ་དར་བཏགས་ཨེ་དགོས་དེ།།མི་ཚེ་བྲག་བས་སྲ་བའི་རྟེན་འབྲེལ་ཡིན།། བྱ་རྒོད་ཕྲུག་མ་བཞུད་གཞི་བཞག་ཡིན།། སྒྲོ་གཤོག་དྲུག་རྒྱས་པའི་སྨོན་ལམ་ཡིན།། དར་མར་བཏགས་གཙང་ཆེན་ཆུ་ལ་བཏགས།། གཙང་ཆེན་ཆུ་ལ་དར་བཏགས་ཨེ་དགོས་དེ།། མི་ཚེ་ཆུ་བས་རིང་བའི་རྟེན་འབྲེལ་ཡིན།། ཉ་གསེར་ཉ་མ་བཞུད་གཞི་བཞག་ཡིན། ཉ་གསེར་མདངས་རྒྱས་པའི་སྨོན་ལམ་ཡིན།།
ད་ནངས་དར་རྒྱང་གང་ནས་འཐེན།། ད་ནངས་དར་རྒྱང་ཤར་ནས་འཐེན།། ཤར་རྡོ་རྗེ་སེམས་པའི་མདུན་ནས་འཐེན།། ཤར་གྱི་སྐར་མ་ཅི་དང་ཐུག། ཤར་གྱི་སྐར་མ་མགོ་དང་ཐུག། ལས་ཅི་བྱེད་མགོ་ལོ་ཡག་པའི་རྟེན་འབྲེལ་ཡིན།། ཁྲ་སེང་ངེར་འགྲུབ་པའི་སྨོན་ལམ་ཡིན།། ད་ནངས་དར་རྒྱང་གང་ནས་འཐེན།། ད་ནངས་དར་རྒྱང་ལྷོ་ནས་འཐེན།། ལྷོ་རིན་ཆེན་འབྱུང་གནས་མདུན་ནས་འཐེན།། ལྷོ་ཡི་སྐར་མ་ཅི་དང་ཐུག། ལྷོ་ཡི་སྐར་མ་ལག་དང་ཐུག། བུ་ཚ་བོ་ཡི་ཟླ་ལག་རྒྱས་པའི་རྟེན་འབྲེལ་ཡིན།། ཁྲ་སེང་ངེར་འགྲུབ་པའི་སྨོན་ལམ་ཡིན།། ད་ནངས་དར་རྒྱང་གང་ནས་འཐེན།། ད་ནངས་དར་རྒྱང་ནུབ་ནས་འཐེན། ནུབ་སྣང་བ་མཐའ་ཡས་མདུན་ནས་འཐེན།། ནུབ་ཀྱི་སྐར་མ་ཅི་དང་ཐུག། ནུབ་ཀྱི་སྐར་མ་རྒྱལ་དང་ཐུག། ཕ་ཨ་ཁུས་རྒྱལ་ས་བཟུང་བའི་རྟེན་འབྲེལ་ཡིན།། ཁྲ་སེང་ངེར་འགྲུབ་པའི་སྨོན་ལམ་ཡིན།། ད་ནངས་དར་རྒྱང་གང་ནས་འཐེན། ད་ནངས་དར་རྒྱང་བྱང་ནས་འཐེན།། བྱང་དོན་ཡོད་གྲུབ་པའི་མདུན་ནས་འཐེན།། བྱང་གི་སྐར་མ་ཅི་དང་ཐུག། བྱང་གི་སྐར་མ་ཁྲ་དང་ཐུག། བུ་བུ་མོ་ཁྲ་གླག་སྤྱང་གསུམ་འཛོམས་པའི་རྟེན་འབྲེལ་ཡིན།། ཁྲ་སེང་ངེར་འགྲུབ་པའི་སྨོན་ལམ་ཡིན།།
དར་དཀར་པོ་དམར་པོ་སེར་སྔོན་བཞི།། དར་སེར་པོ་མི་རྐྱོང་ཡར་ལ་བཞག། དར་སེར་པོ་བླ་མའི་ཆོས་དར་ཡིན།། ཆོས་སངས་རྒྱས་ཀྱི་བསྟན་པ་དར་བའི་རྟེན་འབྲེལ་ཡིན།།
གོང་བླ་མའི་དབུ་འཕང་མཐོ་བའི་སྨོན་ལམ་ཡིན།། ཆོས་དར་མི་རྐྱོང་ཡར་ལ་བཞག། དར་དཀར་པོ་མི་རྐྱོང་ཕར་ལ་བཞག། དར་དཀར་པོ་དེ་གླིང་གེ་སར་རྒྱལ་པོའི་དཔའ་དར་ཡིན།།བུ་ཚ་བོ་དེ་དཔའ་སེང་སྟག་འདྲ་བའི་རྟེན་འབྲེལ་ཡིན།།དཔའ་སེང་སྟག་བས་ལྷག་པའི་སྨོན་ལམ་ཡིན།། དར་སྔོན་པོ་མི་རྐྱོང་ཚུར་ལ་བཞག། དར་སྔོན་པོ་མ་རྗེ་བཙུན་སྒྲོལ་མའི་ཚེ་དར་ཡིན།། ཚེ་སྲོག་བྲག་ལས་སྲ་བའི་རྟེན་འབྲེལ་ཡིན།། ཚེ་མི་འགྱུར་རྡོ་རྗེ་མདུད་པ་ཕོག་པའི་སྨོན་ལམ་ཡིན།། དར་དམར་པོ་མི་རྐྱོང་མར་ལ་བཞག། དར་དམར་པོ་དཔོན་ལུའི་ཁྲིམས་དར་རེད།། ཡུལ་ལུང་ཁྲིམས་དང་མི་འགལ་བའི་རྟེན་འབྲེལ་ཡིན།། དཔོན་ཁྲི་གསུམ་སྡེ་རྩེར་ཆགས་པའི་སྨོན་ལམ་ཡིན།། ངའི་དར་དཀར་དཀར་པོ་ཡུག་གསུམ་དེ། ལྷ་བླ་མ་མཇལ་སའི་ཆོས་དར་ཡིན།དཔོན་ཕ་ཁུ་གདན་སའི་མཇལ་དར་ཡིན།བུ་དཔའ་བོ་འཛོམས་སའི་དཔའ་དར་ཡིན།གནས་མ་སྲུ་འཛོམས་སའི་འཛོམས་དར་ཡིན། ཉམས་བཀྲ་བ་འཁོར་ཆེན་ཁ་བཏགས་ཡིན།། ཕྱི་མི་འགྱུར་བཀྲ་ཤིས་རྟགས་བརྒྱད་ཡོད།། ནང་མི་འགྱུར་རྒྱལ་སྲིད་སྣ་བདུན་ཡོད།། བར་མི་འགྱུར་དགོས་འདོད་ཀུན་འབྱུང་ཡོད།། གཡང་མི་འགྱུར་ཕྱུགས་ཀྱི་ར་བ་ཡོད།། ཚེ་མི་འགྱུར་རྡོ་རྗེའི་མདུད་པ་ཡོད།། ངས་དེ་རིང་གི་གཡང་སྐར་འདི་ལ་རྐྱོང་།། གཟའ་ཕུར་བོ་རྒྱལ་གྱི་ཉི་མ་ཡིན།། སྐྱིད་ལོངས་སྤྱོད་འཛོམས་པའི་སྨོན་ལམ་ཡིན།། ཁ་རྗེ་སྐར་ཚོགས་བཀྲ་བའི་རྟེན་འབྲེལ་ཡིན།། སྟོད་རྒྱ་གར་རྒྱལ་པོའི་ཆོས་གཡང་ཤོག། སྨད་རྒྱ་ནག་རྒྱལ་པོའི་ཁྲིམས་གཡང་ཤོག། བར་བལ་པོ་རྒྱལ་པོའི་བཟོ་གཡང་ཤོག། སྐུ་རྒྱལ་བོད་ཀྱི་འབྲུ་གཡང་ཤོག། གླིང་གེ་སར་རྒྱལ་པོའི་དམག་གཡང་ཤོག། ནུབ་སྟག་གཟིག་རྒྱལ་པོའི་ནོར་གཡང་ཤོག། བལ་པོ་ཡུལ་གྱི་གསེར་གཡང་ཤོག། མི་མ་ཡིན་ཡུལ་གྱི་དངུལ་གཡང་ཤོག། འོག་ཕྱོགས་ཡུལ་གྱི་གཟི་གཡང་ཤོག། སྟེང་ཕྱོགས་ཡུལ་གྱི་མི་གཡང་ཤོག། ཁ་ཆེ་ཡུལ་གྱི་དར་གཡང་ཤོག། ཞང་ཞུང་ཡུལ་གྱི་རྟ་གཡང་ཤོག། ཟིལ་མ་ཡུལ་གྱི་མཛོ་གཡང་ཤོག། ཕྱྭ་དང་གཡང་དུ་འདིར་འདུས་ཤོག། ཁམས་གསུམ་སེམས་ཅན་ཐམས་ཅད་ལ།། ལོ་བརྒྱ་ཐུབ་ཀྱི་ཚེ་གཡང་ཤོག། ལྷ་ཚེ་དཔག་མེད་ཀྱི་བྱིན་རླབས་ཤོག། གནམ་ལ་སྐར་མ་སྨིན་དྲུག་འཛོམས།། རྒྱུ་སྐར་བཀྲ་བའི་བཀྲ་ཤིས་ཤོག། བར་ལ་ཉི་ཟླ་སྐར་གསུམ་འཛོམས།། བློ་མུན་པ་སེལ་བའི་བཀྲ་ཤིས་ཤོག། ས་ལ་ཕ་མ་བུ་གསུམ་འཛོམས།། ཁ་རྗེ་སྐར་ཚོགས་བཀྲ་བའི་སྨོན་ལམ་ཡིན།། བཀྲ་ཤིས་ཀྱི་ནམ་མཁའ་གང་བར་ཤོག། སྨོན་ལམ་གྱི་ས་གཞི་གང་བར་ཤོག། བཀྲ་ཤིས་པའི་བཀྲ་ཤིས་ཁ་བཏགས་ཡིན།། དོན་འགྲུབ་པའི་དོན་འགྲུབ་ཁ་བཏགས་ཡིན།། ཚེ་རིང་བའི་ཚེ་རིང་ཁ་བཏགས་ཡིན།། གཡང་ཆགས་པའི་གཡང་གཞི་ཁ་བཏགས་ཡིན།། གནམ་ལ་བཀྲ་ཤིས་ཉི་ཟླ་གཉིས།། གཟའ་སྐར་མང་པོའི་ཚོགས་ཀྱིས་བསྐོར།། ས་ལ་བཀྲ་ཤིས་འབྱུང་བ་ལྔ།། མེ་ཆུ་ས་རླུང་ཚོགས་ཀྱིས་བསྐོར།། བར་ན་བཀྲ་ཤིས་དཀོན་མཆོག་གསུམ།། ཕྱོགས་བཅུའི་སངས་རྒྱས་ཚོགས་ཀྱིས་བསྐོར།། དཀོན་མཆོག་གསུམ་གྱི་བཀྲ་ཤིས་གང་ཡིན་པ།། བཀྲ་ཤིས་དེས་ཀྱང་དེང་འདི་བདེ་ལེགས་ཤོག།