ལྷ་མོ་ཞེས་པའི་མིང་གི་བྱུང་ཚུལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-10-22   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།

        བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ལྷ་མོ་ནི་ལོ་600ལྷག་ཙམ་གོང་ནས་དར་ཞིང་། གླུ་ལེན་གར་འཁྲབ་ཀྱི་རྣམ་པར་བརྟེན་ནས་རྩོམ་རིག་གི་ནང་དོན་མཚོན་པའི་ཕྱོགས་བསྡུས་སྒྱུ་རྩལ་ཞིག་རེད། དམངས་ཁྲོད་ཀྱི་གཏམ་རྒྱུད་དང་ལོ་རྒྱུས་ཀྱི་ངག་རྒྱུན་སོགས་བརྗོད་བྱར་བཟུང་བས། བོད་ཀྱི་རིག་གནས་ཀྱི་འགྱུར་རྡོ་གསོན་པོ་ཞེས་བརྗོད་པ་དང་། གྲངས་ཉུང་མི་རིགས་ཀྱི་ཟློས་གར་ཁྲོད་དུ་ལོ་རྒྱུས་ཡུན་རིང་ལྡན་པའི་ཟློས་གར་གྱི་གྲས་ཤིག་རེད། 2006ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ལྷ་མོ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ཁག་དང་པོར་བཅུག་པ་དང་། 2009ལོར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མིའི་རིགས་ཀྱི་ངག་ཐོག་དང་མངོན་མིན་ཤུལ་བཞག་གི་ཚབ་མཚོན་བརྩམས་ཆོས་ཞེས་པའི་མིང་གཞུང་དུ་བཅུག་པ་རེད།

        ལྷ་མོ་ནི་ལོ་ངོ་600ཙམ་གྱི་ཡར་སྔོན་དུ་གཙང་ཕྱོགས་སུ་འཁྲུངས་པའི་གྲུབ་ཆེན་ཐང་སྟོང་རྒྱལ་པོས་མི་རྣམས་ཆུ་ལས་སྒྲོལ་དཀའ་བའི་དཀའ་ངལ་ཐུགས་ལ་བཅངས་ནས། གང་སར་སློང་མོ་གནང་བ་དང་། ཀོང་པོ་སོགས་ནས་ལྕགས་ཀྱི་གཏེར་ཁ་བཏོན་ཏེ། ཆུ་ལ་ཟམ་པ་བསྐྲུན་གནང་བས། མཐུན་རྐྱེན་སྦྱོར་མཁན་ཡང་མང་པོ་བྱུང་། འོན་ཏེ་སློང་མོ་དང་ཞལ་འདེབས་ཁོ་ནར་བརྟེན་ན་ཟམ་པ་གང་མང་སྐྲུན་པའི་ཐུགས་རེ་དང་དངོས་ཡོད་དབར་ཧེ་བག་ཆེན་པོ་ཡོད་སྟབས། སྐབས་དེར་ཁོང་ལ་ཐབས་ཤེས་ལེགས་པོ་ཞིག་རྙེད་པ་དེ་ནི་ཟམ་སྐྲུན་ལས་མིའི་ཁྲོད་ནས་སྐད་སྙན་ལ་གཟུགས་མཛེས་པའི་བུ་མོ་བདུན་བདམས་ཏེ་གཏམ་རྒྱུད་སྣ་ཚོགས་བརྗོད་བྱར་བྱས་པའི་གོ་བདེ་ལ་ནང་དོན་ཟབ་པའི་ལྷ་མོའི་འཁྲབ་ཚན་མང་པོ་རང་རྩོམ་རང་འཁྲབ་ཀྱིས་བོད་ཀྱི་ས་ཕྱོགས་གང་སར་སྐོར་སྐྱོད་འཁྲབ་སྟོན་གནང་བས། རྒྱ་ཆེའི་མང་ཚོགས་ཀྱི་དགའ་བསུ་ཚད་མེད་ཐོབ་པ་མ་ཟད། ཟམ་པ་སྐྲུན་པའི་མཐུན་རྐྱེན་ཡང་འཛོམས་ཤིང་། འཁྲབ་མཁན་བུ་མོ་ཡིན་པའི་ཆ་ནས་ཨ་ཅེ་དང་སྐྱེས་གཟུགས་ལྷ་དང་མཚུངས་པའི་ཆ་ནས་ལྷ་མོ་ཞེས་ཆེ་བསྟོད་ཀྱིས་ཨ་ཅེ་ལྷ་མོ་ཞེས་པའི་མིང་དེ་བྱུང་བ་ཞིག་རེད།

        ལྷ་མོ་ནི་དང་ཐོག་ཐང་ཆེན་དུ་འཁྲབ་པ་དང་རྔ་སྦུག་ཁོ་ན་རྡུང་ལེན་བྱེད་པ་ནས་དུས་རབས་17ཙམ་ནས་རིམ་བཞིན་འཆད་གྱེར་འཁྲབ་གསུམ་བྱེད་སྲོལ་དར་བ་དང་། རོལ་ཆ་བེད་སྤྱོད་བྱེད་སྲོལ་ཡང་ཉུང་ཤས་དར་ཡོད། ད་དུང་མི་སྣའི་གཤིས་ཀ་སྣ་ཚོགས་མཚོན་པའི་འབག་སེར་པོ་དང་། ནག་པོ། དམར་པོ། ཕྱེད་དཀར་ཕྱེད་ནག་སོགས་ཀྱང་སྤྱད་ནས་རིམ་བཞིན་ད་ཆའི་འཁྲབ་སྲོལ་དར་བ་རེད། ལྷ་མོ་གང་ཞིག་ཡིན་རུང་སྤྱིར་ན་འགོ་འཛུགས་ལྟ་བུའི་འདོན་དང་། གཞུང་དངོས། བཀྲ་ཤིས་གཅོད་པ་བཅས་དང་། ནང་དོན་ཐད་ཞི་རྒྱས་དབང་དྲག་གི་ཉམས་འགྱུར་ཚང་མ་འཛོམས་པའི་བོད་ས་མཐོའི་དམིགས་བསལ་གྱི་སྒྱུ་རྩལ་ཞིག་ཡིན་ཞིང་། སྔ་མོ་ལྷ་མོར་གཞུང་ཆེན་པོ་བཅུ་གསུམ་ཡོད་པར་གྲགས་ཀྱང་། ད་ཆ་གཞུང་ཆེན་པོ་བརྒྱད་ཡོད་པ་རེད།