གླེགས་བམ་གྲོང་ཚོས་ཡུལ་སྐོར་བའི་ཡིད་དབང་བཀུག་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-11-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཞོགས་པའི་ཉི་ཟེར་འཇམ་པོ་རྔམ་བརྗིད་ལྡན་པའི་སྲིད་པའི་གངས་རྒན་གྱི་རྩེ་ལ་འཕྲོས་པ་ན་ངོ་མཚར་བའི་རང་བྱུང་ཁམས་ཀྱི་སྣང་བརྙན་ཞིག་གིས་ཕྱོགས་བཞི་སྐྱེ་བོའི་ཡིད་ལ་དགའ་སྣང་ཅི་རིགས་སྩོལ་ངེས་ཤིང་།     རིའི་བར་གསེང་ནས་སྙན་འཇེབས་ལྡན་པའི་རྫི་གླུ་ཞིག་གྲགས་ཡོང་བ་དེས་ཀྱང་མཛའ་བོ་གང་ཞིག་གི་ལྷད་མེད་ཀྱི་བརྩེ་སེམས་མཚོན་གྱི་ཡོད་པ་རེད་ཨང་།    དྭངས་ཤིང་གཙང་བའི་རྫ་ཆུ་བསིལ་མ་ནི་ནགས་ཀློང་བརྒྱུད་ནས་སྡེ་འདབས་སུ་ཐོན་པ་དང་ཡུལ་མིའི་སྐོམ་གདུང་སེལ་བར་བྱེད།     དུས་ཀྱི་འགྱུར་བ་དང་བསྟུན་ནས་སྐྱེ་དངོས་སྣ་ཚོགས་ཀྱིས་ཉམས་འགྱུར་དང་མཛེས་སྡུག་རེ་རེ་མངོན་ཡོང་ལ།    ལྷག་པར་ཟླ11དུས་ཀྱི་གླེགས་བམ་གྲོང་ཚོའི་མཛེས་པ་ནི་ལྟ་ན་སྡུག་ཅིང་མིའི་དང་བ་འདྲེན་པ་དང་།    མི་རྣམས་ནི་ཡུལ་དེའི་མཚར་ཉམས་ལ་ཆགས་ནས་ཕྱིར་ལོག་པའི་དུས་ཚོད་ཀྱང་རེ་ཞིག་ཡིད་འཛིན་གྱི་ཀློང་ནས་བརྗེད།  

    གླེགས་བམ་ནི་སྔར་ནས་ཡུལ་སྐོར་བས་མི་ཡུལ་དུ་དག་ཞིང་དུ་བསྔགས་ལ་བར་འདིར་ཀུན་གྱིས་གདམས་གསེས་བྱ་ཡུལ་གྱི་མཛེས་ལྗོངས་ཁུལ་གཙོ་ཤས་ཤིག་ཏུ་ཆགས་ཡོད།    དེང་སྐབས་ཡིན་ན་གླེགས་བམ་གྲོང་ཚོར་ལྗོངས་རྒྱུར་བསྐྱོད་པའི་ལམ་ཁ་ནི་སྔར་དང་བསྡུར་ན་སྟབས་བདེར་བཟོས་ཡོད་ཅིང་།   སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནས་འཇོལ་རྫོང་ཤར་སྟེང་གྲོང་ཚོ་བར་རླངས་འཁོར་བསྐོར་ཆོག་པ་དང་ཆུ་ཚོད་གསུམ་དང་ཕྱེད་ཀས་ཆོག    ཡུལ་སྐོར་བ་རི་ལམ་ནས་རླངས་འཁོར་བསྡད་དེ་སྐར་མ40སོང་ནས་ཐད་ཀར་གླེགས་བམ་གྲོང་ཚོར་སླེབས་ཐུབ།    2018ལོར་ཤར་སྟེང་ནས་གླེགས་བམ་གྲོང་ཚོ་བར་རླངས་འཁོར་ཤར་གཏོང་བྱས་པས་རྟ་ཐོག་ནས་སྐྱེལ་འདྲེན་བྱེད་པའི་དུས་རབས་དེ་མཇུག་རྫོགས་པ་རེད།   2012ལོར་གླེགས་བམ་གྲོང་ཚོར་གློག་ཤར་གཏོང་ཐུབ་པ་དང་2019ལོར་སྲིད་གཞུང་གིས་མ་དངུལ་བཏང་བའི་འཕྲོད་བསྟེན་ལམ་བུ་བསྐྲུན་པ་རེད།  ཉི་འོད་ལམ་སྒྲོན་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལེགས་འགྲུབ་བྱུང་བས་ཡུལ་མིའི་འཚོ་བ་སྔར་ལས་སྟབས་བདེར་ཕྱིན་ཡོད། མིག་སྔར་གླེགས་བམ་གྲོང་ཚོར་ཁྱོན་དུད་ཚང་42ཡོད་པའི་ནང་དུད་ཚང་35ཚང་མས་འགྲུལ་ཁང་གཉེར་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་11པ་ནས་བཟུང་གླེགས་བམ་གྲོང་ཚོར་ཉིན་རེར་ཡུལ་སྐོར་བ་300ཡན་ཡོང་གི་ཡོད།