བདེ་ཆེན་ཁུལ་གྱིས་ས་ཁོངས་ནང་ཁུལ་གྱི་ཚ་ཚ་ལ་ཡུལ་དངོས་རྟོག་ཞིབ་བྱས་ཚར་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-12-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཉེ་སྔོན།བདེ་ཆེན་ཁུལ་དངོས་མང་བཤམས་སྟོན་ཁང་གིས་དུས་མཚམས་བདུན་བརྒྱུད་ནས་བདེ་ཆེན་ཁུལ་ས་ཁོངས་ནང་ཁུལ་གྱི་ཚ་ཚ་ལ་ཡུལ་དངོས་རྟོག་ཞིབ་བྱས་ཚར་བ་རེད།

        རྒྱུས་ལོན་བྱུང་བ་ལྟར་ན།2019ལོའི་ཟླ་10པའི་ཚེས་24ཉིན། ཚ་ཚ་རིག་གནས་ལ་བརྟག་དཔྱད་དང་ཞིབ་འཇུག་གཏིང་ཟབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་བདེ་ཆེན་གྱི་ཚ་ཚ་ཁྱབ་ཁུལ་དང་། བཟོ་རྩལ། རིགས་དབྱིབས། བཟོ་ཆས་སོགས་ཤེས་རྟོགས་དང་། དེ་བཞིན་ཚ་ཚའི་སྤྱི་ཚོགས་དང་རིག་གནས། ཆོས་ལུགས་བཅས་ཀྱི་བྱེད་ནུས་ལ་ཤེས་རྟོགས་བྱ་ཆེད། དངོས་མང་བཤམས་སྟོན་ཁང་དུ་ཡོད་པའི་ཚ་ཚའི་རྨང་གཞིའི་ཐོག་བདེ་ཆེན་ཁུལ་དངོས་མང་བཤམས་སྟོན་ཁང་གིས་ཡུན་ནན་བདེ་ཆེན་གྱི་ཚ་ཚ་ཁྱབ་ཁུལ་དང་དེའི་སྤྱི་ཚོགས་རིག་གནས་ཀྱི་ནུས་པ་ཞེས་པའི་ཡུལ་དངོས་རྟོག་ཞིབ་ཀྱི་རྣམ་གྲངས་ལག་ལེན་བསྟར་འགོ་ཚུགས་པ་རེད།

        ཐེངས་འདིའི་ཚ་ཚའི་ཡུལ་དངོས་རྟོག་ཞིབ་དེ་དུས་ཡུན་ལོ་གཅིག་ལྷག་ཙམ་སོང་ཞིང་། ཁྱོན་བསྡོམས་དུས་མཚམས་བདུན་ལ་དབྱེ་ཡོད་ནས། བོད་རིགས་ཀྱི་ཆོས་ལུགས་རིག་གནས་ཁུལ་དང་། བོད་བརྒྱུད་ནང་བསྟན་དགོན་སྡེ། དེ་བཞིན་ཁ་བ་དཀར་པོའི་ནང་སྐོར་གྱི་སྐོར་ལམ་བཅས་གཙོ་གནད་དུ་བྱས་ནས།འཇོལ་རྫོང་ཁོངས་ཀྱི་རྫ་ཆུའི་འབབ་རྒྱུད་དང་འབྲི་ཆུའི་འབབ་རྒྱུད། འབའ་ལུང་ལི་སུའུ་རིགས་རང་སྐྱོང་རྫོང་གི་འབའ་སྡེ་ཤང་དང་། ཡེ་ཀྲི་གྲོང་རྡལ། ཁང་ཕུའུ་ཤང་། མཐའ་ཆུ་གྲོང་རྡལ། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ལྔ་ཤོག་ཤང་དང་། ཉི་ཤར་ཤང་། གཏེར་མ་རོང་ཤང་། སྐེད་ཚག་ཤང་། ལོ་ཅི་ཤང་། རྒྱལ་ཐང་གྲོང་རྡལ། ཡང་ཐང་གྲོང་རྡལ།དེ་བཞིན་འཇོལ་རྫོང་ཡུན་ལིང་ཤང་ཤར་སྟེང་གྲོང་ཚོའི་ནང་སྐོར་ཀྱི་སྐོར་ལམ་བརྒྱུད་ནས་བརྟག་དཔྱད་བྱས།ཁྱོན་བསྡོམས་ཤང་དང་གྲོང་རྡལ་20ལ་བཅར་འདྲི་དང་ས་ཚིགས་158ལ་བརྟག་དཔྱད་བྱས་པས། དཔེ་མཚོན་རང་བཞིན་གྱི་ཁྱད་ཆོས་ལྡན་པའི་ཚ་ཚ74འཚོལ་བསྡུ་བྱས་ནས་རྩ་ཆེའི་དཔྱད་གཞི་ཐོག་མ་དེ་བསྡུ་ལེན་བྱས་པ་རེད། བརྟག་དཔྱད་བྱས་པ་བརྒྱུད། བདེ་ཆེན་ས་ཁོངས་ནང་ཁུལ་གྱི་ཚ་ཚའི་ཁྱབ་ཚུལ་དང་ཉར་ཚགས་ཀྱི་གནས་ཚུལ།དེ་བཞིན་སྤྱི་ཚོགས་ཀྱི་རིག་གནས་ནུས་པ་སོགས་གཞི་རྩའི་ཆ་ནས་ཤེས་རྟོགས་བྱུང་བས།གོམ་སྟབས་རྗེས་མར་ཚ་ཚའི་ཞིབ་འཇུག་སྲུང་སྐྱོང་དང་འགྲེམས་སྟོན་ལས་དོན་སྤེལ་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།

        ཚ་ཚ་ནི་འཇིམ་པ་ལས་བཟོས་པའི་རྟེན་སྐུ་ཆུང་ཆུང་ཞིག་སྟེ།ལེགས་སྦྱར་གྱི་སཱ་ཙྪ་ལས་ཟུར་ཆགས་པར་བཤད།ཚ་ཚ་འདི་ཐོག་མར་ས་འདམ་གྱི་རྒྱུ་ལས་བསྐྲུན་པའི་འབུམ་པ་དང་སྐུ་བརྙན། སྔགས་ཡིག་སོགས་ལ་གོ་ཡང་། རྗེས་སོར་འགྱུར་བ་བཏང་ནས་རིགས་མི་མཐུན་པའི་ཚ་ཚ་སྣ་ཚོགས་ཞིག་པར་ལ། དཔེར་ན། སཙྪ། སྨན་ཚྭ། སྤོས་ཚྭ། རླུང་ཚྭ། ཆུ་ཚྭ། སྤགས་ཚྭ། ཕྱག་ཚྭ། རུས་ཚྭ། སྤུར་ཚྭ་སོགས་དུ་མ་ཞིག་མཆིས།  དེ་ཡང་རྒྱུ་གང་རུང་ནས་བསྐྲུན་པར་བགྱིས་ན་ཤིན་ཏུ་བཟང་བས། ལི་ཚཱ། ཁྲོ་ཚཱ། རྡོ་ཚཱ། ཤིང་ཚཱ། དེས་ན་སྦྱིན་བདག་སོ་སོའི་ནུས་མཐུ་དང་བསྟུན་དེ་རིན་པོ་ཆེ་ཡི་རྒྱུ་གསེར་དང་དངུལ་དང་ལྕགས་དང་ཟངས་ལས་བསྐྲུན་པའི་ཚ་ཚ། ཡང་ན་རྡོ་ཡ་མཚན་དང་ཤིང་ཡ་རབས་ཅན་གྱི་ཚ་ཚ་སོགས་རྣམ་པར་མཐའ་ཡས་པ་ཡོད་དོ།