རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-01-15   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།
གཅིན་སྙི་ཟགས་ཁུའི་ནད་སློང་སླ་བ།
གསང་རྒྱུད་ཟགས་གཤེར་ཚན་ཁག་གི་ཆེད་མཁས་པས་ངོ་སྤྲོད་བྱས་པར་གཞིགས་ན། མི་མང་པོས་དགོང་མོ་ཉལ་འཕྱི་བ་དང་ངལ་གསོ་ཉུང་བས་གཅིན་སྙི་ཟགས་ཁུའི་ནད་ཕོག་ཚད་མང་དུ་འགྲོ་བཞིན་ཡོད་པ་ཤེས་ཀྱིན་མེད། གཅིན་སྙི་ཟགས་ཁུའི་ནད་རྒྱུན་ཡོད་པའི་མི་ཞིག་ཡིན་ཚེ། གལ་ཏེ་རྒྱུན་དུ་དགོང་མོ་ཉལ་འཕྱི་བ་དང་ངལ་གསོ་ཉུང་ན། གཅིན་སྙི་ཟགས་ཁུའི་ནད་འབྱུང་བའི་ཚད་ཇེ་མཐོར་འགྲོ་ངེས་རེད། དེ་ནི་ས་བོན་ལ་ཁོར་ཡུག་འོས་འཚམ་ཞིག་འཕྲད་པ་དང་མགྱོགས་པོར་མྱུ་གུ་སྐྱེས་བ་དང་མཚུངས།
ཁྲག་ཤེད་མཐོ་བའི་ནད་ཐོན་སླ་བ།
སེམས་ནད་ཚན་ཁག་གི་སྨན་པས་ཞིབ་འཇུག་བྱས་པ་ལས། དུས་ཡུན་རིང་པོར་དགོང་མོར་ཉལ་འཕྱི་བ་དང་། མཚན་མོར་ངལ་མི་གསོ་བ། གཉིད་མི་ཁུག་པ་བཅས་ནི་ཁྲག་ཤེད་མཐོ་བའི་ནད་གཞི་སློང་བྱེད་ཀྱི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་པ་ར་སྤྲོད་བྱུང་ཡོད། དེ་བས་མཚན་མོར་ངལ་གསོ་ཉུང་བའི་མི་ཚོགས་ལ་གློ་བུར་རང་བཞིན་གྱི་སྙིང་ཀླད་ཁྲག་རྩའི་ནད་སྣ་ཚོགས་ཕོག་ཚད་ཆེས་ཆེར་མང་དུ་ཕྱིན་ནས་གློ་བུར་དུ་འཆི་ཉེན་ཡོད།
སྐྲན་ནད་སློང་བའི་ཉེན་ཁ་ཆེ་བ།
མི་ལུས་ཀྱི་རིམས་འགོག་རྐྱེན་རྡུལ་མང་ཆེ་བ་གཉིད་ལོག་པའི་དུས་སུ་གྲུབ་ཀྱིན་ཡོད་ལ། དུས་ཡུན་རིང་བོར་ཉལ་འཕྱི་བའམ་ངལ་གསོ་ཉུང་ན་རིམས་འགོག་ནུས་པ་ཇེ་དམའ་རུ་འགྲོ་བ་དང་། ངལ་དུབ་དང་སྙིང་སྟོབས་མེད་པ། ཆམ་ནད་ཡང་འབྱུང་སླ།
རིམས་འགོག་ནུས་བ་ནི་མིའི་ལུས་ཕུང་གིས་སྐྲན་ནད་འགོག་པའི་རང་བྱུང་གི་འགོག་ཡོལ་ཞིག་ཡིན་ལ། རིམས་འགོག་ནུས་བ་ཇེ་དམའ་རུ་སོང་ན་སྐྲན་ནད་བྱུང་ཚད་ཇེ་མཐོར་འགྲོ་སྲིད། ཞིབ་འཇུག་མང་བོའི་ཐོག་ནས་མཚན་མོར་ངལ་གསོ་ཉུང་བ་དེ་ནུ་མའི་འབྲས་སྐྲན་དང་རྒྱུ་མའི་འབྲས་སྐྲན་སོགས་ནད་རིགས་ཕོག་ཚད་མཐོ་བ་དང་འབྲེལ་བ་དམ་ཟབ་ཡོད་པ་ར་འཕྲོད་བྱུང་ཡོད།
དཔེར་ན། བུད་མེད་ཀྱིས་དུས་ཡུན་རིང་བོར་མཚན་མོར་ངལ་གསོ་མ་འདང་ན་ཟླ་མཚན་འཁྲུག་པ་དང་། བྱིས་པར་དུས་ཡུན་རིང་བོར་མཚན་མོར་ངལ་གསོ་མ་འདང་ན་འཚར་ལོངས་སྐུལ་རྒྱུའི་ཟགས་ཐོན་ལ་ཤུགས་རྐྱེན་ཐེབས་ཏེ། འཚར་ལོངས་ཐད་ཀྱི་གནད་དོན་མང་པོ་འབྱུང་སྲིད། ཕོ་རྒྱུ་མི་བཟང་བ་དང་མཆིན་ནད་ཡོད་པའི་མིར་མཚན་མོར་ངལ་གསོ་ཉུང་ཚེ། ནད་གཞི་ཇེ་ལྗིར་འགྲོ་ལ། ནད་གཞི་ཚབས་ཆེན་ཡིན་ཚེ་ད་དུང་དེ་ལས་ལྡོག་སྟེ་གཉིད་ལོག་པའི་སྤུས་ཚད་ལ་ཤུགས་རྐྱེན་ཐེབས་ཏེ། ཕོ་རྒྱུ་དང་མཆིན་པའི་བདེ་ཐང་སྔར་བས་ཇེ་སྡུག་ཏུ་འགྲོ་ངེས།
དབང་རྩ་ཉམས་སྲིད།
མིའི་ཚོར་འགྲིམ་ནི་མཚན་མོར་ངལ་གསོ་བ་དང་ཉིན་དཀར་ངར་ལངས་བ་ཡིན། འདི་ལྟར་བྱས་ན་ད་གཟོད་མིའི་ཉིན་གཅིག་གི་བྱ་བར་རོགས་འདེགས་བྱ་ཐུབ། འོན་ཀྱང་མཚན་མོར་གཉིད་མ་ཁུག་པར་བསྡད་ཚེ་ཚོར་འགྲིམ་མཚན་མོར་ངར་ལངས་བ་ཡིན།
དགོང་འཕྱི་ཉལ་དང་མཚན་མོར་ངལ་གསོ་ཉུང་བའི་ཉིན་གཉིས་པར། ཚོར་འགྲིམ་དབང་རྩར་ངར་སེམས་སྐྱེད་དཀའ་བ་དང་མི་ལ་སྙིང་སྟོབས་མེད་པ། མགོ་འཐིབས་པ། དྲན་ཤེས་ཞན་པ། རིག་པ་སྒྲིམ་མི་ཐུབ་པ། ཚོར་བ་རྟུལ་བ། བརྗེད་སླ་བ། དེ་བཞིན་མགོ་ཡུ་འཁོར་བ། མགོ་ན་བ་སོགས་ཡོང་གི་ཡོད། དུས་ཡུན་རིང་ཚེ་ད་དུང་དབང་རྩ་ཉམས་པ་དང་། གཉིད་མི་ཁུག་པ་སོགས་དེ་བས་ཚབས་ཆེར་འགྲོ་བབའི་གནད་དོན་ཐོན་སྲིད།
བུ་སྐྱེས་ནུས་བ་ཉམས་སྲིད།
བུ་བཙའི་ལོ་ཚད་ལ་སླེབས་པའི་སྐྱེས་པ་དང་བུད་མེད་རྒྱུན་དུ་དགོང་མོ་ཉལ་འཕྱི་བ་དང་མཚན་མོར་ངལ་གསོ་ཉུང་ཚེ་སྐྱེས་པའི་ཁམས་རྡུལ་གྱི་འགུལ་སྐྱོད་ནུས་པ་དང་གྲངས་འབོར་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད། བུད་མེད་ཀྱི་སྐུལ་རྩིའི་ཟགས་ཐོན་དང་ཁམས་དམར་གྱི་སྤུས་ཀར་ཡང་ཤུགས་རྐྱེན་ཐེབས་སྲིད་ལ། ཟླ་མཚན་འཁོར་ཡུན་ལའང་ཤུགས་རྐྱེན་ཐེབས་སྲིད།
མིག་ཤེད་འགྲིབ་ཏེ་མིག་སྐམ་པོར་ཆགས་སྲིད།
དགོང་འཕྱི་ཉལ་དང་མཚན་སྐྱེལ་བས་མིག་མཐའ་ནག་པོ་ཆགས་པ་རྐྱང་རྐྱང་མིན། དུས་ཡུན་རིང་བོའི་ནང་དུ་མིག་དབང་བཀོལ་བས་མིག་ལ་ན་ཟུག་སྐྱེ་བ་དང་སྐམ་ཤས་ཆེ་བ་སོགས་ཀྱི་གནད་དོན་འབྱུང་སྲིད་ལ། ཐ་ན་མིག་སྐམ་ནད་ཀྱང་འབྱུང་སྲིད།
དེ་ལས་གཞན། ད་ལྟ་ན་གཞོན་མང་པོ་ཞིག་མ་ཉལ་གོང་ཁ་པར་རྩེད་པའི་གོམས་གཤིས་ལྡན་པ་དང་། དེས་མིག་གི་ཤ་གནད་ལ་ངལ་དུབ་ཆེར་བསྐྱེད་དེ་མིག་ཤེད་འགྲིབ་འགྲོ། དུས་ཡུན་རིང་བོར་མཚན་བསྐྱལ་ནས་ངལ་དུབ་ཆེན་པོ་བྱུང་ན། ལྟེ་བའི་མཐོང་བྱེད་དྲ་སྐྱིའི་གཉན་ཚད་བསླང་སྟེ་མིག་ཤེད་ལྷག་ཏུ་འགྲིབ་འགྲོ།
སྤྱི་པགས་སྟེང་ནག་ཐིག་མངོན་སླ།
དགོང་མོའི་ཆུ་ཚོད23ནས་ཕྱི་ཉིན་ཐོ་རེངས་ཆུ་ཚོད3པའི་བར་ནི་མཛེས་བ་སླར་གསོའི་དུས་ཚོད་ཡིན་ལ་མི་ལུས་ཀྱི་རླུང་རྩ་མཁྲིས་བ་དང་མཆིན་པར་འཁོར་སྐྱོད་བྱེད་པའི་དུས་ཚོད་ཀྱང་ཡིན། གལ་ཏེ་དབང་བོ་འདི་གཉིས་ལ་ངལ་གསོ་ལེགས་པོ་ཞིག་མ་བྱས་ན། ཤ་པགས་སྟེང་དུ་ནག་ཐིག་མངོན་ཞིང་རྩུབ་ཤས་ཆེ་བ་དང་། ངོ་མདོག་སེར་པོར་འགྱུར་བ། ནག་ཐིག་བསྐྱེད་པ། ལང་ཚོའི་འབྲུམ་བུ་འབྱུང་བ་སོགས་ཀྱི་གནད་དོན་འབྱུང་སླ་བ་རེད།
བརྟག་དཔྱད་བྱས་པ་ལྟར་ན།ཀྲུང་གོར་མི་དུང་ཕྱུར3ལྷག་ལ་འཕྱི་ཉལ་གྱི་འཚོ་བའི་གོམས་གཤིས་ལྡན། ཁྱེད་ལ་འཕྱི་ཉལ་གྱི་གོམས་གཤིས་ལྡན་ནམ།ནད་རིགས་འབྱུང་བར་སྒུག་པ་ལས་ད་ནས་བཟུང་འཕྱི་ཉལ་བྱེད་པའི་གོམས་གཤིས་ངན་པ་བསྒྱུར་ནས་བདེ་ཐང་གི་འཚོ་བ་རོལ་བར་རྒྱུན་འཁྱོངས་བྱེད་དགོས།