བོད་བརྒྱུད་ནང་བསྟན་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་ལོ་རྒྱུས་གཏན་སྲོལ་དང་རྩ་དོན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-02-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཨ་རིའི་ས་གནས་དེ་གའི་དུས་ཚོད་ཟླ་12པའི་ཚེས་27ཉིན་ཨ་རིའི་ཙུང་ཐུང་ཐེ་ལང་ཕུས་རྒྱལ་ཚོགས་ཐོག་གྲོས་འཆམ་བྱུང་བའི“2020ལོའི་བོད་ཀྱི་སྲིད་ཇུས་དང་རྒྱབ་སྐྱོར་ཁྲིམས་གཞི”ཞེས་པར་མིང་རྟགས་བཀོད་པ་རེད། ཁྲིམས་དོན་གྲོས་གཞི་འདིས་ཀྲུང་གོའི་ནང་སྲིད་ལ་བཙན་ཤེད་ཀྱིས་ཐེ་གཏོགས་བྱས་པ་དང་།ཡང་སྲིད་ངོས་འཛིན་བྱེད་མཁན་གྱིས་ཁོང་གང་དུ་བསྐྱར་དུ་སྐྱེ་བ་དང་དེ་བཞིན་ཡང་སྲིད་ངོས་འཛིན་ཇི་ལྟར་བྱ་དགོས་པ།ཡང་ན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅོ་ལྔ་པར་ཁྲིམས་མཐུན་གྱི་དབང་ཆ་འབའ་ཞིག་དགོས་པ་ཡོད་མེད་བཅས་གང་བྱུང་དུ་བཤད།ཀྲུང་གོ་སྲིད་གཞུང་གིས་ཁྲིམས་ལྟར་སྤྲུལ་སྐུ་ཡང་སྲིད་ངོས་འཛིན་བྱེད་པའི་ལས་དོན་ལ་དོ་དམ་བྱེད་པ་ནི་བོད་བརྒྱུད་ནང་བསྟན་པའི་ཆོས་དད་རང་མོས་ལ་བཙན་གནོད་བྱས་པ་རེད་ཅེས་དམའ་འབེབས་བྱས་པ་རེད། ཀུན་གྱིས་ཤེས་གསལ་ལྟར།སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ལས་དོན་ནི་ཆོས་ལུགས་ནང་ཁུལ་གྱི་ལས་དོན་ཁོ་ན་ཞིག་གཏན་ནས་མིན་ལ།མ་རུང་ཁོག་བཅུག་བྱེད་མཁན་གྱིས་བཤད་པའི་ཡང་སྲིད་ངོས་འཛིན་བྱེད་མཁན་རང་ཉིད་ལ་ཡོད་པའི་ཁྲིམས་མཐུན་གྱི་དབང་ཆ་འབའ་ཞིག་ཀྱང་མ་ཡིན་པར་རྒྱལ་ཁབ་ཀྱི་བདག་དབང་དང་།སྲིད་གཞུང་གི་དབང་གྲགས།ཆོས་ལུགས་ཀྱི་རྩ་དོན།དད་ལྡན་མང་ཚོགས་ཀྱི་བརྩེ་དུང་སོགས་ཀྱི་ཕྱོགས་བསྡུས་མཚོན་ཚུལ་ཞིག་རེད།སྤྲུལ་སྐུ་ཡང་སྲིད་ངོས་འཛིན་ལམ་ལུགས་དེ་ལོ་ངོ་བརྒྱ་ཕྲག་དུ་མའི་རིང་གི་འཕེལ་རྒྱས་དང་འཕོ་འགྱུར་བྱུང་བ་བརྒྱུད་དེ། ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་ཀྱི་གཏན་སྲོལ་ནན་མོ་ཆ་ཚང་ཞིག་རིམ་གྱིས་གྲུབ་པ་དང་ དེའི་ནང་གཙོ་བོ་རྒྱལ་ནང་གི་ཡང་སྲིད་འཚོལ་བ་དང་།ངོས་འཛིན།གདན་སར་འགོད་པ་སོགས་ཚུད་ཡོད། དེའི་ནང་ཤུགས་རྐྱེན་ལྡན་པའི་བླ་སྤྲུལ་ཆེ་གྲས་ལ་གསེར་བུམ་དཀྲུགས་ནས་ངོས་འཛིན་བྱེད་པ་དང་། ཀྲུང་དབྱང་སྲིད་གཞུང་ལ་གོ་གནས་འཛིན་དུ་འཇུག་རྒྱུའི་ཆོག་མཆན་ཞུས་པ་དེ་ལོ་རྒྱུས་ཀྱི་གཏན་སྲོལ་ཞིག་ཏུ་གྱུར་ཡོད།རྒྱལ་ནང་གི་ཡང་སྲིད་འཚོལ་བའི་ལོ་རྒྱུས་ཀྱི་སྲོལ་རྒྱུན་ཡང་སྔ་ས་ནས་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་གལ་ཆེའི་རྩ་དོན་ཞིག་ཏུ་གྱུར་ཡོད།

        གཅིག  བླ་སྤྲུལ་ཆེན་པོའི་ཡང་སྲིད་ངེས་པར་དུ་གསེར་བུམ་དཀྲུགས་ནས་ངོས་འཛིན་བྱེད་དགོས། 

        སྤྲུལ་སྐུའི་ཡང་སྲིད་ནི་དང་ཐོག་གཙོ་བོ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་གྲུབ་མཐའ་ཁག་གི་འགོ་གཙོ་རྒྱུན་འཛིན་བྱེད་པའི་ཆེད་དུ་བྱུང་བ་ཞིག་རེད། བོད་རྙིང་པའི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་འོག་རྒྱ་ཆེའི་བོད་རིགས་མང་ཚོགས་ཚོས་ནང་བསྟན་ལ་དད་མོས་དང་ཆོས་ལུགས་ཀྱི་འགོ་གཙོ་བརྩི་སྲུང་བྱེད་ཀྱི་ཡོད།སྤྲུལ་སྐུ་སྤྱི་དང་ལྷག་པར་དུ་ཤུགས་རྐྱེན་ལྡན་པའི་བླ་ཆེན་གྱི་ཆོས་ལུགས་ཀྱི་འགོ་གཙོའི་གོ་གནས་ལ་བརྟེན་ནས།བོད་ཀྱི་སྤྱི་ཚོགས་ཐོག་གི་ཆོས་སྲིད་སྟོབས་ཤུགས་སྣ་ཚོགས་ཀྱིས་སྤྲུལ་སྐུའི་གཙོ་ཁྲིད་དབང་ཆ་འཕྲོག་ལེན་དང་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱེད་པའི་ལས་དོན་ལ་ཚོད་འཛིན་བྱས་པས།སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱེད་པའི་ལམ་ལུགས་རིམ་བཞིན་དྭངས་གཙང་གི་ངོ་བོ་མེད་པར་གྱུར་པ་དང་།སྐྱོན་ཆ་མང་པོ་ཐོན་པ།ནང་བསྟན་ལ་ཉེན་ཁ་བཟོ་བ།ཐ་ན་སྤྱི་ཚོགས་བརྟན་ལྷིང་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལའང་ཉེན་ཁ་བཟོ་བ་རེད། དོན་དེ་གསལ་པོར་རྟོགས་པའི་རྐྱེན་གྱིས་ཆིང་རྒྱལ་རབས་ཀྱི་ཀྲུང་དབྱང་སྲིད་གཞུང་གིས་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་སྒྲིག་ལམ་སྔར་བས་འཐུས་ཚང་དུ་གཏོང་ཆེད་1793ལོར་གསེར་བུམ་དཀྲུགས་འདོན་གྱི་ལམ་ལུགས་ལག་བསྟར་བྱས།དེ་ནི་དེ་སྔའི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་བརྒྱུད་རིམ་ཁྲོད་ཀྱི་སྐྱོན་ཆ་སྣ་ཚོགས་འགོག་པར་ཕན་པ་མ་ཟད།ཡང་སྲིད་ངོས་འཛིན་གྱི་གནས་ལུགས་དང་སྲོལ་རྒྱུན།དེ་བཞིན་མང་ཚོགས་ཀྱི་ཆོས་ལུགས་ཀྱི་བརྩེ་དུང་ལ་བརྩི་འཇོག་བྱེད་པ་ཡང་མཚོན་ཡོད་ལ།སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་གནད་དོན་ཐད་ཀྱི་ཀྲུང་དབྱང་སྲིད་གཞུང་གི་དབང་གྲགས་དེ་བས་ཀྱང་མཚོན་ཡོད། སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱེད་པའི་ཁྲོད་ལྷག་པའི་སྐྱོན་ཆ་གཙང་སེལ་བྱ་ཆེད།ཆན་ལུང་གོང་མས་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པའི་ཁྲིམས་ལུགས་གཏན་འཁེལ་གྱི་རེ་འདུན་དང་ལེན་བྱས་ནས།1792ལོར་དཔུང་ཆེན་བོད་དུ་མངགས་ནས་གོར་ཁའི་བཙན་འཛུལ་བ་མཐར་སྐྲོད་བཏང་བར་རྒྱལ་ཁ་ཐོབ་རྗེས་བོད་དུ་ཡོང་པའི་དཔོན་རིགས་ལ་ལུགས་སྲོལ་གསར་འཛུགས་བྱ་རྒྱུའི་བཀའ་ཕབ། ཕྱི་ལོར།ཆིང་རྒྱལ་རབས་ཀྱི་སྲིད་གཞུང་གིས《བོད་ཀྱི་སྒྲིག་སྲོལ་གསར་འཛུགས་སྐོར་གྱི་རྩ་ཚིག་དོན་ཚན་ཉེར་དགུ》དངོས་སུ་ཁྱབ་བསྒྲགས་བྱས་པ་རེད། རྩ་ཚིག་གི་དོན་ཚན་དང་པོའི་ནང་སྤྲུལ་སྐུ་དང་ཧོ་ཐོག་ཐུ་ཡི་ཡང་སྲིད་བཙལ་འཚོལ་བྱེད་པའི་གནད་དོན་སྐོར་བོད་རིགས་ཀྱི་གོམས་སྲོལ་ལྟར་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱེད་སྐབས་ཆོས་སྐྱོང་བཞི་ལ་ལུང་ཞུས་དགོས་པ་དང་།  འདི་ལྟར་བྱེད་ན་སྐྱོན་ཆ་བྱུང་བར་གཡོལ་ཐབས་མེད།  གོང་མ་ཆེན་པོས་ནང་བསྟན་དར་རྒྱས་ཡོང་བའི་ཆེད་གསེར་བུམ་ཞིག་བསྩལ། དེང་ཕྱིན་ཡང་སྲིད་བཙལ་འཚོལ་བྱེད་དགོས་དུས་ཆོས་སྐྱོང་བཞི་གདན་འདྲེན་ཞུ་བ་དང་།  ཡང་སྲིད་ཀྱི་མིང་དང་ལོ་ཟླ་དུས་ཚེས་སོགས་མན་ཇིའི་ཡི་གེ་དང་།  རྒྱ་ཡིག  བོད་ཡིག་གསུམ་གྱི་ཐོག་ནས་ཤིང་བྱང་དུ་བྲིས་ཏེ་གསེར་བུམ་ནང་བཅུག་ནས། བླ་མ་ཡོན་ཏན་བཟང་བ་འདེམ་སྒྲུག་གིས་གསོལ་བ་ཉིན་བདུན་འདེབས་རྗེས། ཧོ་ཐོག་ཐུ་དང་ཨམ་བན་རྣམས་འཛོམས་ནས་ཇོ་བོའི་སྐུ་མདུན་དུ་ངོས་འཛིན་བྱེད་དགོས།  ཏཱ་ལའི་བླ་མ་དང་པཎ་ཆེན་ཨེར་ཏེ་ནིའི་ཡང་སྲིད་ངོས་འཛིན་བྱེད་སྐབས་ངེས་པར་དུ་ཁོང་ཚོའི་མིང་མན་ཇིའི་ཡི་གེ་དང་།རྒྱ་ཡིག   བོད་ཡིག་གསུམ་གྱིས་བྱང་བུའི་ཐོག་འབྲི་དགོས་པ་དང་།དེ་དང་འདྲ་བར་ངོས་འཛིན་བྱེད་དགོས། དེ་དག་ཚང་མ་ནི་གོང་མ་ཆེན་པོས་ནང་བསྟན་གྱི་དར་རྒྱས་ཆེད་དང་ཆོས་སྐྱོང་གིས་རྫུན་བཟོ་བྱེད་དུ་མི་འཇུག་པའི་ཆེད་དུ་ཡིན་ཞེས་བཀོད་ཡོད་པ་རེད།

        སྒྲིག་ཡིག་འགྲེམས་སྤེལ་བྱས་རྗེས།ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོས་གཙོས་པའི་བོད་ས་གནས་སྲིད་གཞུང་གིས་སྒྲིག་ཡིག་དང་འབྲེལ་ཡོད་ཡིག་ཆ་བོད་ཡིག་ཏུ་བསྒྱུར་ནས་སྐབས་དེ་དུས་ཀྱི་བཅའ་ཁྲིམས་ཀྱི་ཡིག་རིགས་གལ་ཆེ་ཤོས་སུ་བརྩིས་ནས་བོད་ཡོངས་ལ་ཁྱབ་བསྒྲགས་དང་ལག་བསྟར་བྱས་ཡོད། བོད་ཀྱི་ཆུ་གླང་ལོའི་དུས་སུ་སླེབས་པས《ཆུ་གླང་ལོའི་ཡིག་ཆ》ཞེས་བརྗོད་ཀྱི་ཡོད།དེ་དང་ཆབས་ཅིག་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པས་བོད་ཡོངས་ལ《ཆུ་གླང་ལོའི་བསྒྲགས་ཡིག》བཀྲམ་ནས་གསེར་བུམ་དཀྲུགས་འདོན་གྱི་ཞིབ་ཕྲའི་བྱ་ཐབས་གཏན་འབེབས་བྱས་པ་རེད།《ཆུ་གླང་ལོའི་ཡིག་ཆ》དང་།ལྷག་པར་དུ《ཆུ་གླང་ལོའི་བསྒྲགས་ཡིག》གིས་སྒྲིག་ཡིག་གི་བཅའ་ཁྲིམས་ཀྱི་དགོངས་དོན་ཡོངས་སུ་མཚོན་པར་མ་ཟད།སྒྲིག་ཡིག་ནང་གཏན་འབེབས་བྱས་པའི་གསེར་བུམ་དཀྲུགས་འདོན་གྱི་རྩ་དོན་ཆ་ཚང་མཚོན་པར་བྱས་ཡོད་ཅིང་།དེ་ཡང་གསེར་བུམ་དཀྲུགས་འདོན་ལམ་ལུགས་ལག་བསྟར་བྱེད་པའི་བཅའ་ཁྲིམས་ཀྱི་གཞི་འཛིན་ས་གལ་ཆེན་ཞིག་ཏུ་གྱུར་ཡོད། གསེར་བུམ་དཀྲུགས་འདོན་གྱི་ལམ་ལུགས་ལག་བསྟར་བྱས་རྗེས་ཆིང་ཀྲུང་དབྱང་སྲིད་གཞུང་གིས་ད་དུང་དཔེ་མཚོན་དོན་གནད་སོགས་བཅའ་ཁྲིམས་ཀྱི་རྣམ་པའི་ཐོག་ནས《ཆིང་རྒྱལ་རབས་ཀྱི་དཔེ་མཚོན་དོན་གནད》སོགས་བཅའ་ཁྲིམས་ཀྱི་བསྟན་བཅོས་ནང་བཀོད་པ་དང་།དེས་ཆིང་ཀྲུང་དབྱང་སྲིད་གཞུང་གིས་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱེད་པའི་ལས་དོན་ལ་དོ་དམ་བྱེད་པའི་ལོ་རྒྱུས་ཀྱི་གཏན་སྲོལ་ཞིག་ཏུ་གྱུར་ཡོད། གསེར་བུམ་དཀྲུགས་འདོན་ལམ་ལུགས་ཀྱི་རྩ་བའི་དམིགས་ཡུལ་ནི་སྤྲུལ་སྐུ་ཡང་སྲིད་ངོས་འཛིན་བྱེད་པའི་བརྒྱུད་རིམ་ནང་ཡང་སྲིད་ངོས་འཛིན་བྱེད་པའི་དབང་ཆ་གང་བྱུང་དུ་སྤྱོད་པ་དང་མི་སྒེར་ལ་ཁ་ལོ་སྒྱུར་བ་དེ་གཙང་སེལ་བྱས་ནས།འདྲ་མཉམ་ནན་བཤད་དང་དམིགས་བསལ་དབང་ཆར་ངོ་རྒོལ་བྱེད་པའི་ཁྲིམས་སྐྱོང་རྩ་དོན་གྱི་གཞི་རྩའི་འདུ་ཤེས་དང་ཡོངས་ཁྱབ་ཀྱི་རིན་ཐང་དང་རྦད་དེ་མཐུན་པ་ཞིག་རེད།    

        གཉིས།  སྤྲུལ་སྐུའི་ཡང་སྲིད་ནི་ངེས་པར་དུ་ཀྲུང་དབྱང་སྲིད་གཞུང་གི་ཆོག་མཆན་ཐོབ་ནས་གོ་གནས་འཛིན་དགོས།

        སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ལམ་ལུགས་ཆགས་པ་དེ་ཀྲུང་དབྱང་སྲིད་དབང་གི་རྒྱབ་སྐྱོར་དང་བྲལ་ཐབས་མེད་ལ།  དེ་ནས་སྤྲུལ་སྐུའི་ཡང་སྲིད་སྲིད་གཞུང་གིས་ངོས་འཛིན་བྱེད་པའི་མཐའ་མཇུག་གི་དབང་གྲགས་ཆགས་པ་རེད། ཤུགས་རྐྱེན་ལྡན་པའི་བླ་སྤྲུལ་ཆེན་པོའི་ཡང་སྲིད་ངོས་འཛིན་ཐོག་ཀྲུང་དབྱང་སྲིད་གཞུང་གི་ཆོག་མཆན་ཐོབ་ནས་གོ་གནས་འཛིན་པ་དེ་ལོ་རྒྱུས་ཀྱི་གཏན་སྲོལ་ཞིག་ཏུ་གྱུར་ཡོད་པ་རེད།

        1288ལོར་ཀརྨ་པ་རང་བྱུང་རྡོ་རྗེ་ཡིས་མཚུར་ཕུ་དགོན་དུ་གསེར་ཁྲི་མངའ་གསོལ་བྱས་རྗེས། ཡོན་ཞན་ཙུང་མེང་ཀོ་ཡིས་ཀརྨ་པཀྴི་ལ་གསེར་གྱི་མཐའ་འཁོར་གྱི་ཞྭ་མོ་ནག་པོ་ཞིག་བསྩལ་མྱོང་པའི་རྐྱེན་གྱིས་ཡང་སྲིད་ངོས་འཛིན་ལམ་སྲོལ་དེ་ཀརྨ་བཀའ་བརྒྱུད་ཟེར་ཞིང་དབུ་ཞྭ་ནག་པོ་ཡིན་པས་ཀརྨ་ཞྭ་ནག་པ་ཟེར།  ཞྭ་མོ་འདི་ཡང་སྲིད་ངོས་འཛིན་ལམ་སྲོལ་གྱི་མཚོན་རྟགས་དང་རྒྱུད་འཛིན་གྱི་མཚོན་རྟགས་སུ་གྱུར། ཡང་སྲིད་ངོས་འཛིན་ལམ་སྲོལ་དེ་ལ་གོང་མའི་དབང་ཆ་གནང་བའི་དོན་སྙིང་ལྡན་པ་དང་།  ཀྲུང་དབྱང་སྲིད་གཞུང་གིས་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ལམ་ལུགས་ཆགས་པའི་ཐོག་དབང་གྲགས་རང་བཞིན་གྱི་ནུས་པ་མཚོན་ཡོད་པ་རེད།  རང་བྱུང་རྡོ་རྗེས་ནི་1332ལོར་གདན་དྲངས་ལྟར་ཏ་ཏུའུ་(དེང་གི་པེ་ཅིང་)དུ་གོང་མ་མཇལ་བ་མ་ཟད་ཆོས་སྤེལ་བྱས།  ཡོན་རྒྱལ་རབས་ཀྱི་གོང་མ་ཧྲུན་ཏི་ཡིས་ཁོང་ལ་སྟོང་སྙིང་ཐམས་ཅད་རྟོགས་པའི་སངས་རྒྱས་ཀརྨ་པ་ཞེས་པ་སོགས་ཀྱི་ཆོ་ལོ་བསྩལ། དེ་བཞིན་བཀའ་རྩོམ་དང་རྒྱལ་དམག་གི་ཐམ་ཁ་སོགས་ཀྱང་བསྩལ། བསྩལ་བ་བརྒྱུད་ཁོང་གི་སྤྲུལ་སྐུའི་ཡང་སྲིད་ཀྱི་ཁྲིམས་མཐུན་གྱི་ཐོབ་ཐང་དང་ཁྲིམས་མཐུན་གྱི་གོ་གནས་ཡོན་རྒྱལ་རབས་ཀྱི་ཀྲུང་དབྱང་སྲིད་གཞུང་གིས་ཁས་ལེན་ཐོབ་པ་དང་  སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་དེའང་དམངས་ཁྲོད་ཀྱི་རང་འཕེལ་རང་བཞིན་ནས་ཁྲིམས་གཞིའི་དོན་སྙིང་བསྩལ་ནས་ཁྲིམས་མཐུན་རང་བཞིན་ལྡན་པ།  གཞི་ནས་ཁྲིམས་མཐུན་དེ་དངོས་སུ་ལམ་ལུགས་སུ་ཆགས་པ་དང་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ལམ་ལུགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་རེད།

        1653ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་ཡིས་གདན་དྲངས་ལྟར་པེ་ཅིང་དུ་ཆིང་རྒྱལ་རབས་ཀྱི་གོང་མ་ཧྲུན་ཀྲི་མཇལ་བ་དང་། གོང་མ་ཧྲུན་ཀྲི་ཡིས་ཁོང་ལ་ནུབ་ཕྱོགས་མཆོག་ཏུ་དགེ་བའི་ཞིང་གི་སངས་རྒྱས་བསྟན་པའི་མངའ་བདག་ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་ཏཱ་ལའི་བླ་མ་ཞེས་པའི་ཆོ་ལོ་བསྩལ།  དེ་ནས་བཟུང་ཏཱ་ལའི་བླ་མའི་ཆོ་ལོ་དང་དེ་ཆོས་ལུགས་ལས་རིགས་ཀྱི་གོ་གནས་ཀྲུང་དབྱང་སྲིད་གཞུང་གིས་གཏན་འཁེལ་བྱས་པ་དང་།  ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱུང་གི་ཡང་སྲིད་འཁྲུངས་རྗེས་ཀྲུང་དབྱང་སྲིད་གཞུང་གིས་ཆོ་ལོ་སྩོལ་དགོས་པའི་ལམ་ལུགས་གཏན་སྲོལ་དུ་གྱུར།  1940ལོའི་ཟླ་2པའི་ཚེས་5ཉིན།  རྒྱལ་དམངས་སྲིད་གཞུང་གིས་བཀའ་ཕབ་སྟེ་གསེར་བུམ་དཀྲུག་འདོན་བྱེད་མི་དགོས་པར་མཚོ་སྔོན་གྱི་བུ་ཆུང་ལྷ་མོ་དོན་འགྲུབ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པའི་གོ་གནས་སུ་འཛིན་དུ་བཅུག་པའི་དམིགས་བསལ་གྱི་ཆོག་མཆན་གནང་།  དེའི་ཕྱིར།  ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པའི་ཁྲིམས་མཐུན་རང་བཞིན་རྒྱལ་དམངས་སྲིད་གཞུང་གི་ཆོག་མཆན་ནས་བྱུང་བ་རེད།

        བླ་སྤྲུལ་ཆེན་པོ་ལ་ཆོ་ལོ་བསྩལ་བ་ནི་ཆོ་ལོ་བསྩལ་བའི་ལམ་ལུགས་ཞིག་ཡིན་པ་དང་དོ་དམ་ལམ་ལུགས་ཞིག་དེ་བས་ཀྱང་ཡིན།  ཀྲུང་དབྱང་སྲིད་གཞུང་གིས་ཤུགས་རྐྱེན་ལྡན་པའི་བླ་སྤྲུལ་ཆེན་པོ་ལ་ཐུགས་ཁུར་དང་མཐོང་ཆེན་གནང་བ་མཚོན་ཐུབ་པ་མ་ཟད། བླ་སྤྲུལ་ཆེན་པོ་ཡིས་ངེས་པར་དུ་ཀྲུང་དབྱང་སྲིད་གཞུང་ལ་སྲི་ཞུ་བྱེད་དགོས་པ་དང་།  ལས་འགན་དང་འོས་འགན་འཁུར་དགོས་པར་མཚོན་ཡོད།  བླ་སྤྲུལ་ཆེན་པོ་ལ་ཆོ་ལོ་བསྩལ་བའི་ལམ་ལུགས་བརྒྱུད་ཀྲུང་དབྱང་སྲིད་གཞུང་གིས་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་མཐའ་མཇུག་གི་དབང་གྲགས་གཏན་འཁེལ་བྱས་ཡོད།

        1995ལོའི་ཟླ་11པར།  ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་དཔོན་བྱེད་བཞིན་པའི་ཀྲའོ་ཕུའུ་ཚུའུ་ཡིས་པཎ་ཆེན་གྱི་ཡང་སྲིད་འཚོལ་བའི་འགོ་ཁྲིད་ཚོ་ཆུང་གི་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གསུང་བཤད་གནང་སྟེ་བསྟན་དོན།  ནང་བསྟན་ཆོས་ལུགས་འདི་གསང་བའི་ཆོས་ལུགས་དང་ཡང་ན་མངོན་བསྟན་ཆོས་ལུགས་གང་ཡིན་རུང་། སྒོམ་པའི་སྟེང་སྤྱི་བཏང་དུ་ཐུན་མོང་གི་སངས་རྒྱས་ཀྱི་ཆོས་ཤིག་འདོན་ཏེ་བདག་གི་ཡོན་ཏན་གྱི་སྟོབས་དང་བྱིན་རླབས་ཀྱི་སྟོབས།  དེ་བཞིན་ཆོས་དབྱིངས་ཀྱི་སྟོབས་བཅས་ལ་བརྟེན་ནས་ཡོངས་ཁྱབ་ཏུ་མཆོད་པ་བྱེད་ཞེས་པ་དེ་ཡིན།  དུས་མཚུངས་སུ་ནན་བཤད་བྱས་དོན། ཡང་སྲིད་ངོས་འཛིན་གྱི་གནད་དོན་ལ་བཤད་ན། ཡོན་ཏན་གྱི་སྟོབས་ཞེས་པ་ནི་སྤྲུལ་སྐུའི་སྨོན་ལམ་གྱི་སྟོབས་ལ་ཟེར་ཞིང་།  བྱིན་རླབས་ཀྱི་སྟོབས་ཞེས་པ་ནི་སངས་རྒྱས་ཀྱི་བྱིན་རླབས་ཐོབ་རྗེས་གསེར་བུམ་དཀྲུག་པར་བརྡར་གཅོད་ནུས་པ་ལ་ཟེར།  ཆོས་དབྱིངས་ཀྱི་སྟོབས་ཞེས་པ་ནི་ཀྲུང་དབྱང་སྲིད་གཞུང་གི་ཐག་གཅོད་དབང་ཆ་དང་མང་ཚོགས་ཀྱི་ཡིད་ཆེས་བྱེད་ཤུགས་ལ་ཟེར། དེའི་ཕྱིར་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་གནད་དོན་ཐོག་སྔར་ནས་བཟུང་རྒྱལ་ཁབ་ཀྱི་དབང་ཆ་དང་ཀྲུང་དབྱང་གི་དབང་གྲགས་ཨང་དང་པོར་བཞག་པ་རེད།  འདི་ནི་ཚུལ་མཐུན་ལུགས་མཐུན་ཁྲིམས་མཐུན་ཡིན་ལ།  སངས་རྒྱས་ཆོས་ལུགས་ཀྱི་རྩ་བའི་བསྟན་དོན་དང་ཡང་མཐུན་པ་རེད།

      ལོ་རྒྱུས་ཀྱི་གཏན་སྲོལ་ལ་གཞིགས་ན།  ཤུགས་རྐྱེན་ཚབས་ཆེན་དང་ལྷག་པར་ཚབས་ཆེན་ལྡན་པའི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱེད་ན།  དང་ཐོག་ཁོངས་གཏོགས་དགོན་སྡེ་ཡིས་ས་གནས་སྲིད་གཞུང་བརྒྱུད་དེ་ཀྲུང་དབྱང་སྲིད་གཞུང་ལ་སྙན་སེང་ཞུས་ནས་ཡང་སྲིད་ངོས་འཛིན་གྱི་ཆོག་མཆན་འཐོབ་དགོས་པ་དང་།  ཡང་སྲིད་འཚོལ་བའི་རྩ་འཛུགས་བཙུགས་པར་ཆོག་མཆན་འཐོབ་དགོས།  གཉིས་པ།  གསེར་བུམ་དཀྲུག་འདོན་ལམ་ལུགས་ལག་བསྟར་བྱེད་སྐབས།  ས་གནས་དེ་གའི་སྲིད་གཞུང་གིས་ཆོས་ལུགས་ཀྱི་ཆོ་ག་ལྟར་འཚོལ་བའི་གདམ་བྱའི་ཡང་སྲིད་ཀྱི་གནས་ཚུལ་ཀྲུང་དབྱང་སྲིད་གཞུང་ལ་སྙན་ཞུ་བྱེད་དེ། གསེར་བུམ་དཀྲུག་འདོན་བྱ་རྒྱུའི་རེ་འདུན་ཞུ་དགོས།  གསུམ་པ།  ཀྲུང་དབྱང་སྲིད་གཞུང་གི་ཆོག་མཆན་ཐོབ་རྗེས་ད་གཟོད་ཉི་མ་འདེམས་ནས་ཇོ་བོ་ཤྭཀྱ་མུ་ནེའི་སྐུ་མདུན་དུ་ཀྲུང་དབྱང་སྲིད་གཞུང་གིས་མངགས་པའི་མི་སྣ(བོད་ཀྱི་ལོ་རྒྱུས་ཐོག་ད་དུང་བོད་སྡོད་ཨམ་བན་ཚུད་ཡོད)ཡིས་དཀྲུག་འདོན་གཙོ་སྐྱོང་བྱས་ནས་ཡང་སྲིད་གཏན་འཁེལ་བྱེད་དགོས།  བཞི་པ།  གསེར་བུམ་དཀྲུག་འདོན་བྱས་རྗེས།  གཙོ་སྐྱོང་དཔོན་པོ་དང་ས་གནས་སྲིད་གཞུང་གི་འགན་ཁུར་མི་སྣ།  ཡང་སྲིད་འཚོལ་བའི་འགན་ཁུར་མི་སྣ་སོགས་ཀྱིས་དཀྲུག་འདོན་གྱི་གནས་ཚུལ་དང་མཇུག་འབྲས།  དེ་བཞིན་གདམ་བྱའི་དབུ་མཛད་དང་འཆར་འགོད་ཀྱི་གདན་ས་འགོད་པའི་ཉིན་མོ་སོགས་ཀྲུང་དབྱང་སྲིད་གཞུང་ལ་སྙན་སེང་ཞུས་ཏེ། དངོས་སུ་གོ་གནས་འཛིན་པར་ཆོག་མཆན་གནང་བའི་རེ་བ་ཞུ་དགོས། ལྔ་པ། ཀྲུང་དབྱང་སྲིད་གཞུང་གིས་ཡང་སྲིད་གོ་གནས་འཛིན་པ་དང་གདན་ས་འགོད་པའི་དུས་ཚོད་ཀྱི་ཆོག་མཆན་ཐོབ་རྗེས། ད་གཟོད་གདན་ས་འགོད་པའི་མཛད་སྒོ་སྤེལ་ཆོག་སྟེ།  དངོས་སུ་སྐུ་ཕྲེང་སྔོན་མའི་ཁྲིམས་ལུགས་རྒྱུན་འཛིན་བྱས་ཆོག   ལོ་རྒྱུས་ཐོག་ཏཱ་ལའི་བླ་མ་དང་པཎ་ཆེན་གྱིས་གདན་ས་འགོད་པའི་མཛད་སྒོ་ཚང་མ་ཀྲུང་དབྱང་སྲིད་གཞུང་གིས་ཆེད་དུ་མངགས་པའི་འཐུས་མི་ཡིས་དངོས་སུ་གཙོ་སྐྱོང་དང་གཟིགས་པ་རེད།    དུས་མཚུངས་སུ་ཀྲུང་དབྱང་སྲིད་གཞུང་གི་ཆོ་ལོ་ཁྱབ་བསྒྲགས་དང་བྱ་དགའ་གནང་བ།  གདན་ས་འགོད་པའི་མཛད་སྒོ་རྫོགས་རྗེས་ཏཱ་ལའི་བླ་མ་དང་པཎ་ཆེན་ཀུན་གྱིས་གོང་ལ་བཀའ་དྲིན་ཞུས་དགོས།

        ཤུགས་རྐྱེན་ལྡན་པའི་བླ་སྤྲུལ་ཆེན་པོའི་ཡང་སྲིད་ངོས་འཛིན་ལ་ཀྲུང་དབྱང་སྲིད་གཞུང་གིས་ཆོག་མཆན་ཐོབ་ནས་གོ་གནས་འཛིན་པ་ནི་རྒྱལ་ཁབ་ཀྱིས་བོད་ཀྱི་ས་གནས་ཀྱི་དབང་ཆ་དང་བླ་སྤྲུལ་ཆེན་པོའི་ཡང་སྲིད་ངོས་འཛིན་ཐོག་གི་དབང་གྲགས་མཚོན་ཡོད་པ་དང་།  སྲིད་དབང་བླ་དབང་ལས་ཆེ་བའི་འབྲེལ་བ་དང་གཞུང་ལུགས་མཚོན་ཡོད།  ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་འདུ་ཤེས་ཀྱང་མཚོན་ཡོད།  འཛམ་གླིང་ཐོག་གི་རྒྱལ་ཁབ་གང་ཡིན་རུང་ཁྲིམས་ལྟར་རང་རྒྱལ་ཁབ་ཀྱི་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་ངེས་ཡིན།  གནའ་རབས་དང་དེང་རབས།  རང་རྒྱལ་དང་ཕྱི་རྒྱལ་ཚང་མ་དེ་ལས་མི་འདའ།  འདི་ནི་ལྷ་མེད་སྨྲ་བ་དང་ལྷ་ཡོད་སྨྲ་བའི་དད་མོས་དང་འབྲེལ་བ་ཅི་ཡང་མེད།  རྒྱལ་ཁབ་ཀྱི་བདག་དབང་དང་སྲིད་གཞུང་གི་འགན་ནུས་ཀྱི་དགོས་ངེས་ཀྱི་བླང་བྱ་རེད།  ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ་ནི་རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་ཚོགས་ཐུན་མོང་གི་ཁེ་ཕན་ལ་འབྲེལ་བ་ཡོད་པའི་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ་ཡིན་ལ།  དེ་ཡིས་ཁྲིམས་མཐུན་ལ་སྲུང་སྐྱོང་བྱེད་པ་དང་ཁྲིམས་འགལ་ལ་བཀག་འགོག་བྱེད་པ།  སིམ་འཛུལ་ལ་འགོག་རྒོལ་བྱེད་པ།  ཉེས་གསོག་ལ་རྡུང་རྡེག་བྱེད་པ་སོགས་ནང་དོན་མང་པོ་ཞིག་མཚོན་ཡོད། མཐར་ཐུག་གི་དམིགས་ཡུལ་ནི་ཆོས་ལུགས་ལས་རིགས་དང་དད་ལྡན་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་ཕན་སྲུང་སྐྱོང་བྱེད་པ་དེ་ཡིན།  དེའི་རྐྱེན་གྱིས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ཀྱི་རྒྱ་ཆེའི་རྒྱབ་སྐྱོར་དང་བརྩིས་བཀུར་ཐོབ་ངེས་རེད།

        གསུམ་པ། ཡང་སྲིད་ངེས་པར་དུ་རྒྱལ་ནང་དུ་འཚོལ་དགོས།

        ལོ་རྒྱུས་ཐོག་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཆེན་པོའི་ཡང་སྲིད་ངོས་འཛིན་བྱེད་པའི་ཐད་ཐོག་མཐའ་བར་གསུམ་དུ་རྒྱལ་ནང་གི་ཡང་སྲིད་བཙལ་འཚོལ་གྱི་རྩ་དོན་མཐའ་འཁྱོངས་བྱས་ནས་ཕྱི་རྒྱལ་དུ་ཡང་སྲིད་བཙལ་འཚོལ་གྱི་སྔོན་དཔེ་གཏན་ནས་མེད་པ་དེ་ཡང་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཐད་ངེས་པར་དུ་མཐའ་འཁྱོངས་བྱེད་དགོས་པའི་གལ་ཆེའི་རྩ་དོན་ཞིག་རེད།

        ཀྲུང་གོ་ནི་བོད་བརྒྱུད་ནང་བསྟན་གྱི་ཕ་ས་ཡིན་པ་དང་བོད་བརྒྱུད་ནང་བསྟན་དེ་ཉིད་ནང་བསྟན་ཀྲུང་གོ་ཅན་གྱི་ཐོན་དངོས་ཤིག་དང་ཀྲུང་གོ་རང་ས་ཅན་གྱི་ཆོས་ལུགས་ཤིག་རེད། ཆོས་ལུགས་ཀྱི་འདུ་ཤེས་སམ་བསམ་བློའམ་ཡང་ན་ཆོས་ལུགས་ཀྱི་བརྩེ་དུང་དང་ཉམས་ལེན་གང་ཡིན་རུང་ཆོས་ལུགས་ཀྱི་བྱ་སྤྱོད་དམ་བྱེད་སྒོ་དང་ཡང་ན་ཆོས་ལུགས་རྩ་འཛུགས་དང་ལམ་ལུགས་གང་ཡིན་རུང་ཚང་མ་ཀྲུང་གོའི་སྲོལ་རྒྱུན་རིག་གནས་དང་མཉམ་འདྲེས་བྱུང་ནས་བོད་བརྒྱུད་ནང་བསྟན་དེ་རྦད་དེ་ཀྲུང་གོ་ཅན་གྱི་ནང་བསྟན་དུ་གྱུར་ཡོད། བོད་བརྒྱུད་ནང་བསྟན་ཁྱབ་པའི་ས་ཁོངས་གཙོ་བོ་དང་དད་ལྡན་མང་ཚོགས་གཙོ་བོ་ཀྲུང་གོར་ཡོད་པ་དང་། སྤྲུལ་སྐུའི་ཡང་སྲིད་ཀྱི་རྒྱུན་འཛིན་ལམ་སྲོལ་ནི་ཀྲུང་གོ་ནས་བྱུང་བ་དང་། ཀྲུང་གོའི་དགོན་སྡེ་ཁག་ཏུ་གཏོགས་པ། དེའི་ཡང་སྲིད་དོ་དམ་ནི་ཀྲུང་གོའི་ཆོས་ལུགས་ལས་དོན་དོ་དམ་དང་ཁ་བྲལ་ཐབས་མེད་པའི་གྲུབ་ཆ་ཞིག་ཡིན་པ། ཁྲིམས་ལྟར་གཏོགས་ཁོངས་དོ་དམ་དང་རྒྱལ་ནང་ཡང་སྲིད་འཚོལ་བའི་རྩ་དོན་མཐའ་འཁྱོངས་བྱ་རྒྱུ་དེ་ནི་ལོ་རྒྱུས་ཀྱི་དོན་དངོས་ཤིག་རེད། ཆོས་ལུགས་ལ་རྒྱལ་མཚམས་མེད་ཀྱང་ཆོས་དད་པ་ལ་རྒྱལ་མཚམས་ཡོད། ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་མ་དགོན་ནི་ཀྲུང་གོའི་འབྲས་སྤུངས་དགོན་ཡིན་པ་དང་། ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱུང་སོགས་བླ་སྤྲུལ་ཆེན་པོ་རྣམས་ཀྱང་ཀྲུང་གོའི་རྒྱལ་ནང་དུ་བཙལ་འཚོལ་དང་ངོས་འཛིན་བྱེད་མཁན་ཡིན་པས་ཕྱི་རྒྱལ་དུ་འཚོལ་ཞིབ་བྱེད་པའི་སྔོན་དཔེ་གཏན་ནས་མེད། གཏོགས་ཁོངས་ཀྱི་བརྩེ་སེམས་དང་དད་ལྡན་མང་ཚོགས་ཀྱི་བརྩེ་སེམས་ནི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་གལ་ཆེའི་རྒྱུ་རྐྱེན་ཞིག་ཡིན་པས་སྤྲུལ་སྐུའི་ཡང་སྲིད་གང་ཞིག་ཡིན་རུང་ཁོང་ལ་གསོ་སྐྱོང་བྱེད་མཁན་གྱི་མ་དགོན་དང་རྒྱལ་ཁབ་ཀྱི་ས་ཆ་དང་ཁ་བྲལ་མི་རུང་བ་དང་དེའི་གཏོགས་ཁོངས་ཀྱི་དད་ལྡན་མང་ཚོགས་ཀྱི་ཆོས་ལུགས་ཀྱི་བརྩེ་དུང་ལ་སྣང་ཆུང་གཏན་ནས་བྱེད་མི་རུང་།

        2010ལོའི་ཟླ་7པའི་ཚེས་4ཉིན། བོད་ལྗོངས་རོང་རྩེ་རྫོང་བྲག་སྒོ་དགོན་གྱི་བདེ་གྲུབ་སྤྲུལ་སྐུ་སྐུ་ཕྲེང་ལྔ་པའི་ཡང་སྲིད་ངོས་འཛིན་གསེར་བུམ་དཀྲུག་འདོན་གྱི་མཛད་སྒོ་དེ་ལྷ་སའི་གཙུག་ལག་ཁང་གི་ཇོ་བོ་ཤྭ་ཀྱ་མུ་ནེའི་སྐུ་མདུན་དུ་གཟབ་རྒྱས་ངང་འཚོགས་ཤིང་།གདམ་བྱའི་ཡང་སྲིད་བློ་བཟང་རྡོ་རྗེར་མཚན་བཀོད་གནང་བ་དང་། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཁོང་ནི་བདེ་གྲུབ་སྤྲུལ་སྐུ་སྐུ་ཕྲེང་ལྔ་པ་འཇམ་དཔལ་སྐལ་བཟང་རྒྱ་མཚོའི་ཡང་སྲིད་ཡིན་པར་ཆོག་མཆན་གནང་བ་མ་ཟད། བདེ་གྲུབ་སྤྲུལ་སྐུ་སྐུ་ཕྲེང་དྲུག་པའི་གོ་གནས་སུ་བསྐོས། དེ་ནི《བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་དོ་དམ་བྱ་ཐབས》ཁྱབ་བསྒྲགས་བྱས་པ་ནས་བཟུང་གསེར་བུམ་དཀྲུགས་པའི་རྣམ་པའི་ཐོག་ནས་གཏན་འཁེལ་བྱས་པའི་བླ་སྤྲུལ་ཆེ་ཁག་གི་ཡང་སྲིད་ཨང་དང་པོ་དེ་ཡིན་པ་དང་དེའི་ཡང་སྲིད་ངོས་འཛིན་ཐད་ཐོག་མཐའ་བར་གསུམ་དུ་ཆོས་ལུགས་ཀྱི་ཆོ་ག་དང་།ལོ་རྒྱུས་ཀྱི་གཏན་སྲོལ། གསེར་བུམ་དཀྲུགས་པ། སྲིད་གཞུང་གི་ཆོག་མཆན་ཐོབ་པ་སོགས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཡོད། ལྷག་པར་དུ་བདེ་གྲུབ་སྤྲུལ་སྐུ་སྐུ་ཕྲེང་དྲུག་པ་རོང་རྩེ་རྫོང་དུ་སྐྱེས་པའི་སྤྲུལ་སྐུ་ཞིག་ཡིན་པའི་ཆ་ནས། ཏང་དང་སྲིད་གཞུང་གིས་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་བསམ་འཆར་ལ་བརྩི་འཇོག་གང་ལེགས་བྱེད་པ་དང་། རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱི་ཆོས་ལུགས་བརྩེ་དུང་ལ་བརྩི་འཇོག་གང་ལེགས་བྱེད་པ། རྒྱལ་ནང་འཚོལ་ཞིབ་དང་གཏོགས་ཁོངས་བཙལ་འཚོལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཆོས་དད་རང་མོས་ཀྱི་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཡིན་པ་དེ་ཐོག་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཆ་རྐྱེན་འོག་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་དོ་དམ་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན་འཛུགས་སྐྱོང་ཐད་གྲུབ་འབྲས་མངོན་གསལ་ཐོབ་ཡོད་ལ་ཆོས་དད་རང་མོས་ཀྱི་སྲིད་ཇུས་ལག་བསྟར་དོན་འཁྱོལ་ཏན་ཏིག་ཐུབ་པ་མཚོན་ཡོད།

        བོད་བརྒྱུད་ནང་བསྟན་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ལས་དོན་གྱི་དོ་དམ་ལོ་རྒྱུས་ཀྱི་འཕེལ་རྒྱས་ལ་བལྟས་ན། དེའི་ནང་ཆགས་པའི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་ཆོས་ལུགས་ཆོ་ག་དང་ལོ་རྒྱུས་ཀྱི་གཏན་སྲོལ་ནི་ངེས་པར་དུ་བརྩི་སྲུང་བྱེད་དགོས་པའི་རྩ་དོན་ཞིག་ཡིན་ལ། གསེར་བུམ་དཀྲུགས་འདོན་ལམ་ལུགས་དང་། ཀྲུང་དབྱང་སྲིད་གཞུང་གི་ཆོག་མཆན་ཐོབ་ནས་གོ་གནས་འཛིན་པའི་ལམ་ལུཊ། རྒྱལ་ནང་བཙལ་འཚོལ་གྱི་རྩ་དོན་བཅས་གང་ཡིན་རུང་ཀྲུང་དབྱང་སྲིད་གཞུང་རིམ་བྱུང་གིས་བོད་བརྒྱུད་ནང་བསྟན་ལ་མཐོང་ཆེན་ཚད་མཐོན་པོ་དང་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ལ་ཐུགས་ཁུར་ཟབ་མོ་གནང་བ་མཚོན་ཡོད་པ་དང་།བོད་བརྒྱུད་ནང་བསྟན་ལས་རིགས་ལ་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་དམངས་ཕན་གྱི་སྲོལ་རྒྱུན་བཟང་པོ་ཡོད་པ་དེ་བས་ཀྱང་མཚོན་ཡོད་པ་རེད།

    དེང་གི་སྤྱི་ཚོགས་རིང་ལུགས་ཀྱི་ཆ་རྐྱེན་འོག་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱེད་པའི་ལོ་རྒྱུས་ཀྱི་གཏན་སྲོལ་དང་རྩ་དོན་གལ་ཆེན་མཐའ་འཁྱོངས་བྱ་རྒྱུ་ནི་བོད་བརྒྱུད་ནང་བསྟན་གྱི་རྒྱུན་ལྡན་གྱི་སྒྲིག་ལམ་སྲུང་སྐྱོང་དང་ཆོས་ལུགས་འཆམ་མཐུན་དང་སྤྱི་ཚོགས་ཞི་མཐུན་སྲུང་སྐྱོང་བྱེད་པའི་དགོས་ངེས་ཀྱི་ཆ་རྐྱེན་ཞིག་རེད། ཨ་མེ་རི་ཁའི་ཁྲིམས་དོན་གྲོས་གཞི་ཞེས་པ་དེས་འཛམ་གླིང་གི་སྐྱེ་བོ་ཀུན་ལ་རྒྱལ་ཁབ་གཞན་པའི་ནང་སྲིད་ལ་བཙན་ཤེས་བྱེད་དེ་ཤེས་རྨོངས་སྣ་རྒྱུག་ཕོག་པའི་དགོད་གཞི་མ་གཏོགས་འཇོག་མི་ཐུབ།

(རྩོམ་པ་པོ་ནི་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཞིག་ཡིན།)