རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-02-13   རྩོམ་ཁུངས།    གངས་ལྗོངས་འཕྲིན་གསར།
ལོ་སར་ཀྱི་སྐབས་སུ་ཁྱིམ་མི་རྣམས་ལྷན་དུ་འཛོམས་ནས་སྐྱིད་དགའ་དགའ་སྤྲོ་སྤྲོས་བཟའ་བཏུང་ལོངས་སྤྱོད་དང་རོལ་རྩེད་སྣ་ཚོགས་ཀྱི་ཁྲོད་ནས་དུས་བཟང་ལ་རོལ་བ་ནི་བཤད་མ་དགོས་པ་ཞིག་རེད། འོན་ཀྱང་གསོ་བྱེད་སྨན་པས་ལོ་སར་གྱི་སྐབས་སུ་གཤམ་གྱི་མི་འདི་དག་གིས་དུས་ཡུན་རིང་པོར་ཤོ་རྒྱག་མི་རུང་བའི་སྐོར་གསལ་འདེབས་བྱེད་བཞིན་ཡོད།
པེ་ཅིན་མཛའ་མཐུན་སྨན་ཁང་གི་སྨན་པ་བང་རུན་ཧྭ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། ལོ་སར་གྱི་སྐབས་སུ་ལོ་ལོན་དང་དལ་ལངས་རང་བཞིན་གྱི་ནད་ཡོད་པའི་ནད་པས་དུས་ཡུན་རིང་པོར་ཁྱིམ་མི་རྣམས་དང་ལྷན་དུ་རོལ་རྩེད་སྣ་ཚོགས་ལ་རོལ་བའམ་ལྷག་པར་དུ་ཐང་ཆད་དྲགས་མི་རུང་། དེ་དག་ནི།
གཅིག ལོ་ལོན་གྱི་སྐོར། ལྷག་པར་དུ་ཁྲག་རླུང་གི་ནད་དང་སྙིང་དང་ཀླད་པའི་འཕར་རྩ་སྲ་འགྱུར་དང་གློ་སྙིང་བསྡོངས་པའི་ནད། གཅིན་སྙི་ཟ་ཁུའི་ནད་བཅས་ཡོད་པའི་ལོ་ལོན་གྱི་སྐོར། ཐང་ཆད་དྲགས་པ་དང་སེམས་ཁམས་ལ་གཡོ་འགུལ་ཅུང་ཟད་བྱུང་བས་ཀྱང་ནད་བབ་ཇེ་ལྗིད་དུ་བཏང་ནས་ཀླད་སྙིང་ཁྲག་རྩའི་འདུས་ནད་འབྱུང་བའི་ཉེན་ཁ་སློང་སྲིད།
གཉིས། ཁྲག་རླུང་གི་ནད་དང་པྲོག་དབྱིབས་འཕར་རྩ་རང་བཞིན་གྱི་སྙིང་ནད་ཡོད་པའི་ནད་པ། ཁྲག་རླུང་གི་ནད་དང་པྲོག་དབྱིབས་འཕར་རྩ་རང་བཞིན་གྱི་སྙིང་ནད་ཡོད་པའི་ནད་པ་ཁ་ཤས་ལོ་ལོན་མིན་རུང་། དུས་ཡུན་རིང་པོར་ཤོ་བརྒྱབ་ན་ཐང་ཆད་པ་དང་སེམས་འཚབ་པ། དགའ་དྲགས་པ། སེམས་འཕྱོ་བ་བཅས་བྱེད་པ་དང་། ལོ་སར་གྱི་སྐབས་སུ་དེ་ལྟར་སྤྱོད་ལམ་རྒྱུན་ལྡན་མིན་པར་གནས་ན། མིའི་ལུས་ཕུང་གིས་ཁྲག་རྩ་བསྐུམ་པའི་སྐུལ་རྩི་མང་པོ་ཕྱིར་ཕུད་ནས་སྙིང་དང་ཀླད་པའི་ཁྲག་རྩ་བསྐུམ་པར་བྱེད་པས། སྙིང་དང་ཀླད་པའི་ཁྲག་རྩའི་ནད་དང་སྙིང་གཟེར། སྙིང་རྩ་འགགས་པ། སྙིང་གི་ལྡིང་ཚད་རྒྱུན་ལྡན་མིན་པ་བཅས་འབྱུང་བར་མ་ཟད་ཐ་ན་ཤིའང་སྲིད། ཕྱིའི་རྒྱལ་ཁབ་ཏུ་དགའ་དྲགས་པའི་རྐྱེན་གྱིས་གློ་བུར་དུ་ཤི་བའི་དཔེར་མཚོན་ནད་པ་གང་མང་བསྒྲགས་མྱོང་བས་འདི་ནི་རྣ་ཐོས་ཁོ་ན་ཙམ་ཞིག་གཏན་ནས་མིན། ཚ་གྲུམ་སྙིང་ནད་དང་གློང་སྙིང་བསྡོངས་པའི་ནད་པའང་དེ་ལས་མ་འདས། ཐང་ཆད་པ་དང་སེམས་འཕྱོ་བ་ལས་སྙིང་གི་བྱེད་ལས་ལ་ཕོག་ཐུག་བཟོ་བར་མ་ཟད། ལུས་ནས་རྔུལ་ཆུ་བཞུར་བ་ལས་དྲོས་འཁྱགས་བྱུང་སྟེ་དབུགས་ལམ་གཉན་ཚད་དམ་ཡང་ན་གློ་བའི་གནས་སུ་དལ་ལངས་རང་བཞིན་གྱི་གཉན་ཚད་རྒྱས་པ་དེ་ཇེ་ལྗིད་དུ་གཏོང་སྲིད།
གསུམ། གཅིན་སྙི་ཟ་ཁུའི་ནད་པ། གཅིན་སྙི་ཟ་ཁུའི་ནད་ཀྱང་ལུས་སེམས་གཉིས་ཀྱི་ནད་རིགས་ཤིག་ཡིན་པས། སེམས་ཁམས་ལ་གཡོ་འགུལ་ཅུང་ཟད་བྱུང་བས་ཀྱང་ཁྲག་མངར་གྱི་གར་ཚད་ཇེ་མཐོར་འགྲོ་སྲིད་པར་མ་ཟད། གཅིན་སྙི་ཟ་ཁུའི་ནད་པ་མང་ཆེ་བར་སྙིང་དང་ཀླད་པ། མཁལ་མ་བཅས་ཀྱི་འདུས་ནད་ཡོད་པས། སེམས་ཁམས་བཏང་སྙོམས་ཡོང་དགོས་པ་དང་ཐང་ཆད་དྲགས་མི་རུང་།
བཞི། ཨོལ་རྨེན་བྱེད་ལས་རྒྱས་ཐལ་ནད། ཨོལ་རྨེན་བྱེད་ལས་རྒྱས་ཐལ་ནད་བྱུང་ཡོད་པའི་ནད་པའི་སེམས་ཁམས་སྤྱིར་བཏང་དུ་འཕྱོ་སླ་བར་མ་ཟད། སྙིང་གི་ལྡིང་ཚད་ཇེ་མགྱོགས་སུ་འགྲོ་སླ་བ་རེད། དེ་བས་ཐང་ཆད་དྲགས་མི་རུང་བ་དང་དགའ་དྲགས་མི་རུང་།
ལྔ། དལ་ལངས་རང་བཞིན་གྱི་མཁལ་ཚད་མཁལ་ཕོར་དང་མཁལ་མའི་བྱེད་ལས་མི་ཚང་བའི་ནད་པ། དལ་ལངས་རང་བཞིན་གྱི་མཁལ་མའི་ནད་བྱུང་ཡོད་པའི་ནད་པ་དང་ལྷག་པར་དུ་ཁྲག་རླུང་རང་བཞིན་གྱི་མཁལ་ཚད་ཡོད་པའི་ནད་པས་ལོ་སར་གྱི་སྐབས་སུ་རང་གི་ལུས་ཕུང་ལ་སྔར་ལས་མཉམ་འཇོག་བྱེད་དགོས། དུས་ཡུན་རིང་པོར་ཙོག་པུར་འདུག་པ་དང་ཆུ་མ་འཐུང་ནའང་ནད་བབ་ཇེ་ལྗིད་དུ་འགྲོ་སྲིད།
དྲུག འཇུ་བྱེད་རང་བཞིན་གྱི་ཕོ་བ་སྨུག་པོའི་ནད་པ། ནད་པ་འདིའི་རིགས་སེམས་ཁམས་མ་བདེ་བར་བསྡད་ན་ཕོ་སྐྱུར་ལངས་པ་དང་ཟགས་ཐོན་ཇེ་མང་དུ་སོང་ནས་ན་ཟུག་ཇེ་སྡུག་ཏུ་འགྲོ་བ་དང་། ཐ་ན་འཇུ་ལམ་སྟོད་མ་ནས་ཁྲག་བཞུར་ཡང་སྲིད།
བདུན། མཆིན་པ་སྲ་འགྱུར་གྱི་ནད་པ། ཚད་མི་འདྲ་བའི་མིད་པའི་སྡོད་རྩ་རྒྱས་འཁུམ་ནད་དང་གྲོད་ཁོག་ཏུ་ཆུ་བསགས་པའི་ནད་སོགས་ཡོད་ན། གལ་ཏེ་སེམས་ཁམས་ལ་འགྱུར་ལྡོག་ཆེ་བ་དང་ཐང་ཆད་པ་བཅས་བྱུང་ན་མཆིན་པའི་བྱེད་ལས་ལ་གནོད་བསྐྱལ་བར་མ་ཟད། ད་དུང་འཇུ་ལམ་ནས་ཁྲག་བཞུར་བའང་ཡོད།
བརྒྱད། ལུས་སེམས་གཉིས་ཀའི་ནད་རིགས། ནད་པ་འདིའི་རིགས་ལ་སེམས་ཁམས་གསོ་དགོས་པར་མ་ཟད། བཟའ་བཏུང་དང་འཚོ་བའི་འགྲོ་འདུག་ཉལ་འཆག་ལ་ཆོས་ཉིད་ལྡན་དགོས་པའི་མཛུབ་སྟོན་བྱེད་དགོས། རྒྱུན་ལྡན་མ་ཡིན་པའི་ཕོག་ཐུག་བཟོ་བའམ་ཐང་ཆད་དྲགས་ན་ལུས་སེམས་གཉིས་ཀར་གནོད་པ་རེད། ང་ཚོ་མི་ཚང་མས་ངོས་ཐད་ནས་བཤད་ནའང་སེམས་ཁམས་སྐྱིད་པོ་དང་བཏང་སྙོམས་ངང་གནས་ནས། འཚོ་བར་ཆོས་ཉིད་ལྡན་པ་དང་སྙོམས་སྒྲིག་གང་ལེགས་བྱེད་པར་མཉམ་འཇོག་བྱས་ཏེ་ནད་རིགས་སྣ་ཚོགས་ལས་རྣམ་པར་རྒྱལ་ནས་སྐྱིད་དགའ་དགའ་སྤྲོ་སྤྲོས་ལོ་བཟང་པོ་ཞིག་སར་དགོས།།