རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-02-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཉི་ཤར་ཤང་བདེ་སྐྱིད་གྲོང་ཚོའི་ཚོ་ཆུང་ན་ད་ལོར་ལོ་53ལ་སླེབས་པའི་མི་བུ་བརྩོན་འགྲུས་ཅན་ཞིག་ཡོད་ཅིང་ཁོང་གི་མིང་ལ་བཀྲ་ཤིས་ཚེ་རིང་ཟེར། གསར་འགོད་པ་ཁོ་ཚང་གི་ཁྱིམ་དུ་སོང་ནས་ཁོང་གི་གནས་ཚུལ་སྐོར་ལ་རྒྱུས་ལོན་ཞིག་བྱེད་བསམ་དུས་བཀྲ་ཤིས་ཚེ་རིང་དང་ཁོང་གི་བཟའ་ཟླ་ལྷ་མོ། ལོ་གཉིས་ལ་སོན་པའི་ཚ་མོ་བཅས་ཏག་ཏག་ཁྱིམ་དུ་བསྡད་ཡོད། བཀྲ་ཤིས་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཁོང་ཚོའི་ཁྱིམ་དུ་དེ་སྔ་ནས་དང་། གྲོ། བྲ་བོ་སོགས་འདེབས་པ་དང་། འབྲི་གཡག་གི་དཀར་ཆུའི་ཐོན་རྫས་འཚོང་གི་ཡོད། རྒྱལ་ལམ་214ཡི་ལམ་མདོ་ནས་རྐང་ཐང་མར་ཉིན་གཉིས་འགྲོ་དགོས་པ་དང་། དེ་ནས་རླངས་འཁོར་བསྡད་དེ་སེམས་ཀྱི་ཉི་ཟླ་རྫོང་གྲོང་དུ་བེ་ཤ་དང་། མར། ཕྱུ་ར་སོགས་འཚོང་བར་ཉིན་ཁ་ཤས་འགྲོ་དགོས་ཀྱི་ཡོད། རྒྱུན་པར་རྫོང་གྲོང་དུ་མ་སླེབས་པའི་སྔོན་དུ་ཞིང་ལས་ཐོན་རྫས་འཚོང་ཐབས་བྲལ་བས་ལོ་གཅིག་ལ་ཡོང་འབབ་སྒོར་སྟོང་ཕྲག་ཁ་ཤས་ལས་མེད། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་འབའ་ལྷག་དཀར་རྫོང་ཡུལ་སྐོར་གསར་སྤེལ་ཚད་ཡོད་ཀུང་སིས་དེ་གར་འབའ་ལྷག་དཀར་རྫོང་ཡུལ་སྐོར་མཛེས་ལྗོངས་ཁུལ་གསར་སྤེལ་བྱས་པ་ནས་བཟུང་འབའ་ལྷག་དཀར་རྫོང་མཛེས་ལྗོངས་ཁུལ་དུ་གཞུང་ལམ་བཟོས་ཤིང་སྣོད་བཅུད་ཡུལ་སྐོར་ལ་བརྟེན་ནས་ཁོང་གི་ཁྱིམ་ཚང་ཡང་ཕྱུག་འགྱུར་བྱུང་ཡོད་ཟེར།
བཀྲ་ཤིས་ཚེ་རིང་གིས་གསར་འགོད་པར་རྩིས་ཤིག་བརྒྱབ་པ་ན། ད་ཆ་ངའི་ལོའི་ཡོང་འབབ་སྒོར་ཁྲི་10ཙམ་ཟིན་པའི་ནང་འབའ་ལྷག་དཀར་རྫོང་མཛེས་ལྗོངས་ཁུལ་གྱིས་ང་ཚོར་ས་གནས་དེ་གའི་ཞིང་དུད་ལ་ལོ་རེར་སྣོད་བཅུད་སྲུང་སྐྱོང་ཁ་གསབ་སྒོར་ཁྲི་2སྤྲོད་ཀྱི་ཡོད། ངས་གཞུང་ལམ་གད་ཕྱིས་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་2ཡོང་གི་འདུག ས་ཞིང་མུའུ་20གཞན་ལ་གླས་ནས་ཞོག་ཁོག་དང་། བྲ་བོ། པད་ཚལ་སོགས་འདེབས་ཀྱི་ཡོད་པ་དང་2015ལོ་ནས་བཟུང་ལོ་ལྟར་མུའུ་རེར་གླ་ཆ་སྒོར་500བླངས་ནས་འཁོར་རྒྱུག་བྱེད་པའི་ས་ཞིང་ཐོག་སྔོ་ཚལ་བཏབ་པའི་ལས་གཉེར་གྲོན་དངུལ་ལོ་གཅིག་ལ་ཁྲི་2ཡིན། 2016ལོ་ནས་བཟུང་ངས་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་བར་རྟ་འཁྲིད་དེ་ཡུལ་སྐོར་སྣེ་ཤན་པའི་ལོའི་ཡོང་འབབ་སྒོར་ཁྲི་2ཙམ་ཟིན་པ་དང་། རྐང་ཐང་ཡུལ་སྐོར་གྱི་ལམ་བུ་སྲུང་སྐྱོང་བྱེད་པའི་ལས་གྲྭ་ཆུང་གྲས་ཀྱི་ལོའི་ཡོང་འབབ་སྒོར་ཁྲི་2ཙམ་ཟིན་གྱི་ཡོད་པ་སོགས་ད་ཆ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད་ཅེས་བཤད། ཁོང་གིས་སྣོད་བཅུད་ཡུལ་སྐོར་གྱིས་རང་ཉིད་ཀྱི་འཚོ་བར་འགྱུར་ལྡོག་བཏང་བའི་སྐོར་གླེང་སྐབས། བཀྲ་ཤིས་ཚེ་རིང་གི་གདོང་ལ་བཅོས་མིན་གྱི་འཛུམ་མདངས་ཤིག་ཀྱང་ངང་གིས་ཤར་བྱུང་།
བཀྲ་ཤིས་ཚེ་རིང་ཚང་ལ་ཁྱོན་མི་གྲངས་བདུན་ཡོད་པ་སྟེ། ཁོང་དང་བཟའ་ཟླ། བུ་ཕྲུག་གསུམ། མནའ་མ། ཚ་མོ་གཅིག་བཅས་ཡོད་པ་དང་། སྡོད་སའི་ཁང་པ་ནི་རྡོ་ཤིང་ལས་གྲུབ་པའི་བོད་མིའི་ཁང་པ་ཞིག་ཡིན་ལ་ད་ཆ་ཁྱིམ་མི་གཞན་དག་གི་ཡོང་འབབ་བསྣན་ན་ལོ་གཅིག་ནང་ཡོང་འབབ་སྒོར་ཁྲི་20ལྷག་ཙམ་ཡོང་གི་ཡོད་པས་ས་གནས་དེ་གར་བརྟན་པོའི་ངང་དབུལ་སྒྲོལ་ཐུབ་ཡོད་ཅེས་བཤད། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་འབའ་ལྷ་དཀར་རྫོང་ཡུལ་སྐོར་གསར་སྤེལ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་བསོད་ནམས་དོན་གྲུབ་ཀྱིས་བཤད་ན།མིག་སྔར་འབའ་ལྷག་དཀར་རྫོང་མཛེས་ལྗོངས་ཁུལ་དེ་རྒྱལ་ཁབ་ཀྱི་A4རིམ་པའི་མཛེས་ལྗོངས་ཁུལ་དུ་བསྐྲུན་ཡོད། ཟ་འཐུང་དང་། སྡོད་གནས། འགྲོ་སྐྱོད། ཡུལ་སྐོར། ཉོ་སྒྲུབ། རོལ་རྩེད་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་མཛེས་ལྗོངས་ཁུལ་དུ་འཕེལ་རྒྱས་བྱུང་ཡོད། རིམ་པ་མི་འདྲ་བའི་ཨར་ཁང་སྣ་ཚོགས་དང་། ཟ་ཁང་། བོད་མི་རིགས་ཀྱི་རིག་གནས་འཁྲབ་སྟོན་ལྟེ་གནས། གྲོག་རོང་ལྟ་སྐོར་དོས་ལམ། གསོལ་སྟོན་ཁང་རྩེ་གྲ་སོགས་ཞོར་གཏོགས་སྒྲིག་ཆས་ཀྱང་ཐོན་པ་དེས་ས་གནས་དེ་གའི་གྲོང་མིར་སྣོད་བཅུད་སྲུང་སྐྱོང་ཁ་གསབ་ཀྱི་མ་དངུལ་དང་། འཁོར་རྒྱུག་ས་ཞིང་གི་བོགས་དངུལ། ལས་ཀའི་ཡོང་འབབ། རྟ་ཁྲིད་ཡུལ་སྐོར་སྣེ་ཤན་པ་སོགས་ཀྱི་ཡོང་འབབ་དང་མཛེས་ལྗོངས་ཁུལ་གྱི་ལམ་ངོས་སྲུང་སྐྱོང་གི་ཡོང་འབབ་སོགས་ཀྱི་ཕན་པ་དངོས་ཐོབ་ཡོད། ཕྱོགས་མང་པོའི་ཐད་ནས་འབད་བརྩོན་བྱས་པ་བརྒྱུད་མཛེས་ལྗོངས་ཁུལ་ཉེ་འཁོར་གྱི་ཤང་གྲོང་ལ་འབབ་འཕར་ནུས་ལྡན་བྱུང་ནས་གྲོང་མིའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་སྟོང་ནས་སྒོར་ཁྲི་བཅུ་ཙམ་བར་འཕར་ཏེ་ཕྱུག་འགྱུར་འབབ་འཕར་གྱི་མྱུར་བགྲོད་ལམ་བུའི་ཐོག་སྐྱོད་ཐུབ་པ་བྱུང་ཡོད་ཟེར།