རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-02-21   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།
ཁྱིམ་དུ་ཕྲུ་གུ་ཡོད་པའི་ཁྱིམ་བདག་ཚོས་དོ་སྣང་བྱེད་དགོས་པ་ཞིག་ནི། དར་མ་ཚོས་སྤྱོད་པའི་བཟའ་བཏུང་མང་པོས་བྱིས་པ་ཚོའི་བདེ་ཐང་ལ་གནོད་འཚེ་ཕོག་པ་དང་། ལོ་ལྟར་ཟས་རིགས་འདི་དག་གིས་རྐྱེན་པས་ཕྲུ་གུའི་བདེ་ཐང་ལ་གནོད་འཚེ་ཕོག་བཞིན་ཡོད། དེར་བརྟེན་ཕ་མ་ཚོས་དོ་སྣང་ཆེན་པོ་བྱེད་དགོས་ཤིང་ཉེ་འཁོར་གྱི་མིར་དྲན་སྐུལ་ཡང་བྱ་དགོས།
1.ཆང་དང་ཆང་བཅུད་འདྲེས་པའི་ཟས་རིགས།
བྱིས་པ་ཚོས་ཆང་འཐུང་བར་ཚང་མར་དུག་ཕོག་པའི་ངེས་པ་མེད་མོད། ཡིན་ནའང་གནོད་པ་ཧ་ཅང་ཆེན་པོ་ཡོད། བྱིས་པའི་མཆིན་པ་སྐྱེ་འཕེལ་ལེགས་པོ་བྱུང་མེད་པས། མཆིན་པའི་དུག་སེལ་ནུས་པ་བལྟོས་བཅས་ཀྱིས་ཞན་པ་དང་། གལ་ཏེ་ཆང་འཐུང་བའམ་ཆང་འཐུང་ཚད་བརྒལ་ན་མཆིན་པར་གནོད་ནས་དྲན་པ་ཐོར་བ་སོགས་ནད་རྟགས་ལྕི་མོ་འབྱུང་སྲིད། ལོ་3མན་གྱི་བྱིས་པར་དེ་བས་གནོད་འཚེ་ཆེ་བ་དང་། ཚབས་ཆེ་ན་ད་དུང་ཀླད་པར་རྨས་སྐྱོན་ཕོག་པའམ་ཡང་ན་འཆི་ཉེན་ཡོད།
2.ཇའི་རིགས།
ལོ་6མན་གྱི་བྱིས་པས་ཇ་མ་བཏུངས་ན་ལེགས། གང་ལགས་ཤེ་ན། ཇའི་ནང་གི་ཀོ་ཧྥེ་རྒྱུ་སོགས་ཀྱིས་ཕྲུ་གུའི་དཀྱིལ་གཞུང་དབང་རྩའི་མ་ལག་ལ་གནོད་དེ་གཉིད་ཁུག་རྒྱུར་ཤུགས་རྐྱེན་བཟོ་སྲིད། གཞན་ཡང་། ཇའི་ནང་གི་ཏན་ཉིང་སྐྱུར་གྱིས་འཇུ་བྱེད་མ་ལག་གི་འབྱར་སྐྱི་འཁུམ་འདུ་བྱེད་སྲིད་པས། འཚོ་བཅུད་དངོས་པོའི་བསྡུ་ལེན་ལ་ཤུགས་རྐྱེན་བཟོ་བ་དང་དང་ག་ཇེ་ཞན་དུ་སོང་སྟེ། འཇུ་སྟོབས་ཞན་པའི་ནད་རྟགས་དང་། ད་དུང་ཁྲག་ངན་འབྱུང་སླ་བས། བྱིས་པར་ཇ་འཐུང་མ་བཅུག་ན་ལེགས།
3.སྦྲང་རྩི།
ལོ་1མན་གྱི་ཕྲུ་གུས་སྦྲང་རྩི་བཟས་ན་འཚམ་པོ་མེད། གང་ལགས་ཤེ་ན། སྦྲང་རྩི་ནི་དུག་སེལ་བྱེད་དཀའ་བའི་ཟས་རིགས་ཤིག་ཡིན་པས། ཕྲུ་གུས་སྦྲང་རྩི་བཟས་ན་རྒྱུ་ལམ་དང་ནད་འགོག་མ་ལག་ལ་གནོད་པ་མ་ཟད། ཕྲུ་གུའི་དབང་རྩ་དང་དབུགས་ལམ་མ་ལག་སོགས་ཀྱི་བྱེད་ནུས་ཤོར་སྲིད་པས། དེ་ནི་ཕྲུ་གུའི་ཚེ་སྲོག་དང་ཐད་ཀར་འབྲེལ་བ་ཡོད།
4.བ་དམ་སོགས་མཁྲེགས་འབྲས་རིགས།
ཕྲུ་གུའི་མིད་པ་རྦད་དེ་འཚར་ལོངས་བྱུང་མེད་པས། མཁྲེགས་འབྲས་ཀྱི་ཤུན་པས་མིད་པ་འགག་སླ།
5.འོ་ཕྱེ་སྐམ་པོ་དང་ཐུད་ཟས།
འོ་ཕྱེ་སྐམ་པོ་དང་ཐུད་ཟས་རིགས་ཀྱིས་གཅིག་ནས་འཇུ་སླ་པོ་མེད་པས་ཕོ་རྒྱུར་གནོད་པ་དང་། ཕྱོགས་གཞན་ཞིག་ནས་ཕྲུ་གུས་ཟ་དུས་མིད་པའི་ནང་འགག་སྟེ་དབུགས་ཀྱི་འབྱིན་རྔུབ་ལ་འགོག་རྐྱེན་བཟོ་སྲིད་པས། ཡག་ཤོས་བྱུང་ན་ལོ་3མན་གྱི་ཕྲུ་གུར་ཐུད་ཟས་སོགས་ཟ་འཇུག་རྒྱུ་མེད།
6.ཚྭ་ལྡན་སྔོ་ཚལ་སོགས་སྙོལ་བཟོས་ཟས་རིགས།
སྙོལ་བའི་ཟས་རིགས་མང་པོའི་ནང་ཚྭ་འབོར་ཆེན་ཡོད་པས། ཕྲུ་གུའི་མཁལ་མར་མཚོན་ན། གནོན་ཤུགས་ལྕི་དྲགས་པ་དང་། དེས་མ་འོངས་པར་ཕྲུ་གུར་ཁྲག་ཤེད་མཐོ་བ་སོགས་ཀྱི་ནད་འབྱུང་ཉེན་བཟོ་སྲིད་པ་དང་། དུས་མཚུངས་སུ་སྙོལ་བཟོས་ཟས་རིགས་འགའ་ཞིག་གི་ཁྲོད་ཚྭ་སྐྱུར་ཕལ་པ་མང་པོ་ཡོད་པས། དེས་སྐྲན་ནད་འབྱུང་སླ་བ་དང་གལ་ཏེ་ཐེངས་གཅིག་ལ་ཟ་རྒྱུ་མང་དྲགས་ན་ཉེན་ཁ་ཆེན་པོ་ཡོད།
7.སྟོབས་སྐྱེད་འཐུང་བྱ།
སྟོབས་སྐྱེད་འཐུང་བྱ་ནི་སྤྱིར་བཏང་དུ་མི་དར་མའམ་ལུས་རྩལ་པ་དང་། ལུས་ཤུགས་ཟད་གྲོན་ཆེ་བའི་དམིགས་བསལ་གྱི་མི་ཚོགས་ལ་འཚམ་པོ་ཡོད་ཅིང་། འགུལ་སྐྱོད་དྲག་པོ་བྱས་པ་དང་རྔུལ་ཆུ་མང་པོ་ཐོན་རྗེས་བཏུངས་ན་འཚམ་པོ་ཡོད། བྱིས་པར་གོང་གི་ཆ་རྐྱེན་དེ་དག་འཛོམས་མེད་པས་བྱིས་པས་བཏུངས་ན་འཚམ་པོ་མེད།