རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-02-26   རྩོམ་ཁུངས།    རྔ་བ་བོད་ཡིག་གསར་འགྱུར།
ནགས་ཚལ་ནི་རང་བྱུང་ཁམས་དང་མིའི་རིགས་ཀྱི་ཆེས་ཆེ་ཞིང་རྩ་ཆེ་བའི་ལྗང་མདོག་གི་རྒྱུ་ནོར་ཞིག་ཡིན་མོད། འོན་ཀྱང་ནགས་ཚལ་ལ་རྒྱུན་དུ་མེ་ཤོར་བའི་ཉེན་ཁ་གནས་ཡོད། མེ་ནི་ནགས་ཚལ་གྱི་དགྲ་བོ་རེད། ནགས་ཚལ་ལ་སྲུང་སྐྱོབ་དང་མེ་འགོག་ནི་རི་བོ་ཐའེ་ཧྲན་ལས་ཀྱང་ལྕི།
1ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་གནོད་འཚེ།
ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ནི་ནགས་ཚལ་དང་རྩྭ་ཐང་ལ་ཉེན་ཁ་ཆེས་ཆེ་བའི་དགྲ་བོ་ཡིན་ལ། ནགས་ལས་དང་འབྲོག་ལས་ཀྱི་ཆེས་འཇིགས་སུ་རུང་བའི་གནོད་འཚེ་ཡང་ཡིན་པས། དེས་ནགས་ཚལ་དང་རྩྭ་ཐང་ལ་གནོད་པ་ཆེས་ཆེ་ཞིང་། རྩ་མེད་རང་བཞིན་གྱི་མཇུག་འབྲས་ཚབས་ཆེན་བཟོ་སྲིད། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ནི་ནགས་ཚལ་དང་རྩྭ་ཐང་ལ་མེ་སྲེག་བཏང་བ་ཙམ་མིན་པར། ནགས་ཚལ་དང་རྩྭ་ཐང་གི་སྲོག་ཆགས་ལ་གནོད་འཚེ་གཏོང་བར་མ་ཟད། ད་དུང་ནགས་ཚལ་དང་རྩྭ་ཐང་གི་གསར་སྒྱུར་ནུས་པ་ཆུང་དུ་གཏོང་བས། ས་རྒྱུའི་ས་གཤིས་ཞན་སར་གཏོར་བརླག་དང་ནགས་ཚལ་དང་རྩྭ་ཐང་གི་ཆུའི་ཐོན་ཁུངས་ལ་གཏོར་བརླག་བྱེད་པར་མ་ཟད། ཐ་ན་སྐྱེ་ཁམས་ཁོར་ཡུག་དོ་མཉམ་མེད་པར་གཏོང་ངེས། དེང་སྐབས་འཛམ་གླིང་གི་ཚན་རིག་ཡར་ངོའི་ཟླ་བཞིན་འཕེལ་རྒྱས་འགྲོ་བཞིན་ཡོད་མོད། འོན་ཀྱང་མིའི་རིགས་ཀྱིས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཚོད་འཛིན་བྱེད་པའི་ཐད་རྒྱུན་རིང་བའི་འཕེལ་རྒྱས་བྱུང་མེད།
2 ནགས་ཚལ་མེ་སྐྱོན་གྱི་རིགས་དང་དབྱེ་བ།
ནགས་ཚལ་མེ་སྐྱོན་གྱི་འབར་བའི་གནས་དང་ཁྱབ་པའི་མྱུར་ཚད། གནོད་འཚེ་ཐེབས་ཡུལ་དང་ཚད་གཞི་ལྟར་ན། ནགས་ཚལ་མེ་སྐྱོན་ལ་རིགས་གསུམ་དུ་དབྱེ་ཆོག་སྟེ། 1.ས་ངོས་མེ། 2.ཏོག་དབྱིབས་མེ། 3.ས་འོག་མེ།
གནོད་འཚེ་ཕོག་པའི་ནགས་ཚལ་གྱི་རྒྱ་ཁྱོན་དང་མི་ཤི་རྨས་བྱུང་བའི་མི་གྲངས་ལ་གཞིགས་ནས་ནགས་ཚལ་གྱི་མེ་སྐྱོན་ལ་སྤྱིར་བཏང་གི་ནགས་ཚལ་མེ་སྐྱོན་དང་། གནོད་པ་ཅུང་ཆེ་བའི་ནགས་ཚལ་གྱི་མེ་སྐྱོན། གནོད་པ་ཆེ་བའི་ནགས་ཚལ་གྱི་མེ་སྐྱོན། གནོད་པ་ཤིན་ཏུ་ཆེ་བའི་ནགས་ཚལ་མེ་སྐྱོན་བཅས་སུ་དབྱེ་ཡོད།
①སྤྱིར་བཏང་གི་ནགས་ཚལ་མེ་སྐྱོན། གནོད་འཚེ་ཐེབས་པའི་ནགས་ཚལ་གྱི་རྒྱ་ཁྱོན་སྤྱི་ཆིང་གཅིག་མན་དང་ཡང་ན་ནགས་ས་གཞན་པར་མེ་སྐྱོན་བྱུང་བ། ཡང་ན་ཤི་བའི་མི་གྲངས་1ཡན་དང་3མན་ཟིན་པ། ཡང་ན་མི་1ཡན་དང་མི་10མན་ལ་རྨས་སྐྱོན་ལྕི་མོ་ཕོག་པ།
②གནོད་པ་ཅུང་ཆེ་བའི་ནགས་ཚལ་མེ་སྐྱོན། གནོད་འཚེ་ཐེབས་པའི་ནགས་ཚལ་གྱི་རྒྱ་ཁྱོན་ནི་སྤྱི་ཆིང་1ཡན་ནས་100མན་ཟིན་པ། ཤི་བའི་མི་གྲངས་3ཡན་ནས་10མན་ཟིན་པ། ཡང་ན་མི་10ཡན་ནས་50མན་ལ་རྨས་སྐྱོན་ལྕི་མོ་ཕོག་པ།
③གནོད་པ་ཆེ་བའི་ནགས་ཚལ་མེ་སྐྱོན། གནོད་འཚེ་ཕོག་པའི་ནགས་ཚལ་གྱི་རྒྱ་ཁྱོན་སྤྱི་ཆིང་100ཡན་ནས་སྤྱི་ཆིང་1000མན་ཟིན་པ། ཤི་བའི་མི་གྲངས་10ཡན་ནས་30མན་ཟིན་པ། ཡང་ན་མི་50ཡན་དང་མི་100མན་ལ་རྨས་སྐྱོན་ལྕི་མོ་ཕོག་པ།
④གནོད་པ་ཤིན་ཏུ་ཆེ་བའི་ནགས་ཚལ་མེ་སྐྱོན། གནོད་འཚེ་ཕོག་པའི་ནགས་ཚལ་གྱི་རྒྱ་ཁྱོན་སྤྱི་ཆིང་1000ཡན་དང་ཤི་བའི་མི་གྲངས་30ཡན་ཟིན་པ། ཡང་ན་མི་100ཡན་ལ་རྨས་སྐྱོན་ལྕི་མོ་ཕོག་པ།