རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-03-09   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་དང་ཞིང་ལས་ཞིང་སྡེའི་དེང་རབས་ཅན་ཇེ་མགྱོགས་སུ་གཏོང་བའི་སྐོར་གྱི་བསམ་འཆར།
(2021ལོའི་ཟླ1པོའི་ཚེས4ཉིན)
ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་སྟེང《ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་བཞི་པ་དང་2035ལོའི་རྒྱང་རིང་དམིགས་འབེན་གཏན་འཁེལ་བྱེད་པའི་སྐོར་གྱི་བསམ་འཆར》ལ་གྲོས་མཐུན་བྱུང་བ་དང་། དེས་འཕེལ་རྒྱས་ཀྱི་དུས་སྐབས་གསར་བའི་ནང་ཞིང་ལས་དང་ཞིང་སྡེ་དམིགས་བསལ་དུ་འཕེལ་རྒྱས་སུ་གཏོང་བ་དང་། ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བར་སྤྱི་ཡོངས་ནས་བཀོད་སྒྲིག་བྱས་ཏེ། མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ནང“ཞིང་གསུམ”གྱི་བྱ་བ་ལེགས་པོར་སྒྲུབ་པའི་ཐད་ཁ་ཕྱོགས་གསལ་སྟོན་གནང་ཡོད།
“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”དུས་སྐབས་སུ། དེང་རབས་ཞིང་ལས་འཛུགས་སྐྲུན་ལ་འཕེལ་རྒྱས་ཆེན་པོ་བྱུང་ལ། གྲོང་གསེབ་དར་སྤེལ་གྱི་མགོ་ལེགས་པོ་བརྩམས་ཡོད། ལོ་རེར་འབྲུ་རིགས་ཐོན་ཚད་བསྟུད་མར་རྒྱ་མ་དུང་ཕྱུར1.3ཡན་མངོན་འགྱུར་བྱུང་ཞིང་ཞིང་བ་མི་རེའི་ཆ་སྙོམས་ཀྱི་ཡོང་འབབ2010ལོ་ལས་ལྡབ་གཅིག་ལྷག་ཇེ་མང་དུ་སོང་ཡོད། དུས་རབས་གསར་བའི་དབུལ་ཐར་འགག་སྒྲོལ་དམིགས་འབེན་དུས་བཅད་ལྟར་ལེགས་འགྲུབ་བྱས་པ་དང་། ད་ལྟའི་ཚད་གཞི་ལྟར་ན་ཞིང་སྡེའི་དབུལ་ཕོངས་མི་གྲངས་ཚང་མ་དབུལ་ཐར་བྱུང་ནས་དབུལ་ཕོངས་རྫོང་ཚང་མས་དབུལ་ཞྭ་ཕུད་ཡོད་ལ། ཡུལ་གཞན་དབུལ་སྐྱོར་གནས་སྤོར་གྱི་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་ནས་དབུལ་ནག་དང་ས་ཁོངས་རང་བཞིན་གྱི་ཕྱོགས་ཡོངས་དབུལ་ཕོངས་གཙང་སེལ་བྱས་པས། མིའི་རིགས་ཀྱི་དབུལ་སེལ་ལོ་རྒྱུས་སྟེང་ངོ་མཚར་བའི་བྱས་རྗེས་བསྐྲུན་ཡོད། ཞིང་སྡེའི་འཚོ་སྡོད་ཁོར་ཡུག་མངོན་གསལ་སྒོས་ལེགས་བཅོས་བྱུང་བ་དང་ཞིང་སྡེའི་བཅོས་བསྒྱུར་གཏིང་ཟབ་ངང་སྐུལ་འདེད་བཏང་སྟེ། ཞིང་སྡེའི་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་རྒྱུན་འཁྱོངས་བྱས་པས། ཞིང་སྡེས་མི་རིང་བར་དུས་མཉམ་ངང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་འབེན་མངོན་འགྱུར་བྱ་རྒྱུ་རེད། ཞིང་ལས་ཞིང་སྡེའི་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་བ་བླངས་ཤིང་། ཏང་དང་རྒྱལ་ཁབ་དཀའ་ངལ་སྣ་ཚོགས་ལས་རྣམ་པར་རྒྱལ་བ་དང་དཔལ་འབྱོར་སྤྱི་ཚོགས་བརྟན་བརླིང་ཡོང་བ་ལ‘‘གདུང་ལྕམ’’ལྟ་བུའི་བྱེད་ནུས་འདོན་སྤེལ་བྱས་ཡོད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཟམ་མི་ཆད་པར་ཞིང་ལས་ཞིང་སྡེ་སྟོབས་ལྡན་དུ་བསྒྱུར་བའི་འཐབ་ཇུས་ཐག་གཅོད་ནི་གཞི་ནས་ཡང་དག་ཡིན་པས། ཏང་གི“ཞིང་གསུམ”སྲིད་ཇུས་ལ་ཞིང་བ་དུང་ཕྱུར་གྱིས་ལྷག་བསམ་རྣམ་དག་གི་རྒྱབ་སྐྱོར་ཐོབ་ཡོད།
“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”དུས་སྐབས་ནི་དུས་བསྟུན་ལྷན་བསྐྱོད་ཀྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཀྱི་རྒྱང་སྐྱོད་གསར་བ་མགོ་རྩོམ་པ་དང་ལོ་བརྒྱ་ཕྲག་གཉིས་པའི་དམིགས་འབེན་གཉིས་པར་མདུན་བསྐྱོད་བྱེད་པའི་ལོ་ལྔ་ཚན་དང་པོ་ཡིན། མི་རིགས་བསྐྱར་དར་བྱེད་དགོས་ན་ངེས་པར་དུ་གྲོང་གསེབ་དར་སྤེལ་གཏོང་དགོས། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེ་བའི་བསྐྱར་དར་མངོན་འགྱུར་བྱེད་པར་ཆེས་དཀའ་ཁག་ཆེ་བ་དང་ཆེས་ལྕི་བའི་ལས་འགན་ནི་ཞིང་སྡེ་ཡིན་ལ། གཞི་ཁྱོན་ཆེས་ཆེ་བ་དང་ཆེས་གཏིང་ཟབ་པའི་རྨང་གཞི་ཡང་སྔར་བཞིན་ཞིང་སྡེ་ཡིན། འཕེལ་རྒྱས་དོ་མཉམ་མིན་པ་དང་ཆ་ཚང་མིན་པའི་གནད་དོན་ཐག་གཅོད་པར་གཙོ་གནད་དང་དཀའ་གནད་ནི“ཞིང་གསུམ”ཡིན་པས། ཞིང་ལས་ཞིང་སྡེའི་ཞན་ཆ་དང་མི་འདང་སར་ཁ་གསབ་བྱེད་པ་དང་ཤང་གྲོང་མཐུན་སྦྱོར་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་ནི་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད་ལ། འཕེལ་རྒྱས་གསར་བའི་རྣམ་པ་འཛུགས་སྐྲུན་བྱེད་པའི་སྦས་ཤུགས་ནི“ཞིང་གསུམ”ཡིན་པས་ཞིང་སྡེའི་དགོས་མཁོ་རྒྱ་བསྐྱེད་པ་དང་ཤང་གྲོང་གི་དཔལ་འབྱོར་འཁོར་རྒྱུག་ཤར་གཏོང་བྱེད་པ་ནི་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད། རྒྱལ་ཁབ་ཕྱི་ནང་གི་ཉེན་ཁའི་འགྲན་རྩོད་སྣ་ཚོགས་ལ་ཁ་གཏོད་པར་རྨང་གཞིའི་རོགས་འདེགས་ནི“ཞིང་གསུམ”ཡིན་པས་ཞིང་ལས་ཀྱི་གཞི་རྩ་བརྟན་བརླིང་དུ་གཏོང་བ་དང“ཞིང་གསུམ”གྱི་རྨང་གཞི་བརྟན་པོར་གཏོང་བ་ནི་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད། ཏང་ཀྲུང་དབྱང་གིས་འཕེལ་རྒྱས་གསར་བའི་དུས་སྐབས་ཀྱི“ཞིང་གསུམ”བྱ་བ་ནི་སྔར་བཞིན་གཙོ་ཤོས་སུ་གྱུར་ཡོད་པས་ནམ་ཡིན་ཡང་ལྷོད་གཡེང་ཏུ་གཏོང་མི་རུང་ལ་ངེས་པར་ཏུ་དམ་འཛིན་བྱེད་དགོས་པར་འདོད། “ཞིང་གསུམ”གྱི་གནད་དོན་ཐག་གཅོད་ལེགས་པོ་བྱེད་པ་དེ་ཏང་ཡོངས་ཀྱི་བྱ་བའི་ཁྲོད་ཀྱི་གལ་འགངས་ཆེ་ཤོས་སུ་རྒྱུན་འཁྱོངས་བྱེད་པ་དང་། ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ་དེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེ་བའི་བསྐྱར་དར་མངོན་འགྱུར་བྱེད་པའི་ལས་འགན་གལ་ཆེན་དུ་བརྩིས་ནས། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་ནུས་ཤུགས་ཀྱིས་ཞིང་ལས་ཞིང་སྡེའི་དེང་རབས་ཅན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། རྒྱ་ཆེའི་ཞིང་བར་སྔར་ལས་མཛེས་སྡུག་གི་འཚོ་བ་རོལ་ཏུ་འཇུག་དགོས།
གཅིག སྤྱིའི་བླང་བྱ།
(གཅིག)མཛུབ་སྟོན་དགོངས་པ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་མཛུབ་སྟོན་དུ་བྱས་ཏེ། ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་བ། ལྔ་བ་བཅས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ། གཅིག་བསྡུས་ངང“གནས་ལྔ་གཞི་གཅིག”གི་སྤྱིའི་འཆར་འགོད་ལ་སྐུལ་འདེད་གཏོང་བ། “ཁྱོན་ཡོངས་བཞིའི”འཐབ་ཇུས་འཆར་འགོད་ལ་མཐུན་སྦྱོར་སྐུལ་འདེད་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་འཕེལ་རྒྱས་གསར་བའི་འདུ་ཤེས་ལག་ལེན་མཐར་ཕྱིན་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། ཏང་གིས་ཁྱོན་ཡོངས་ནས“ཞིང་གསུམ”བྱ་བར་འགོ་ཁྲིད་བྱེད་པ། ཞིང་ལས་ཞིང་སྡེ་དམིགས་བསལ་འཕེལ་རྒྱས་གཏོང་བ་དང་ཞིང་ལས་དེང་རབས་ཅན་དང་ཞིང་སྡེའི་དེང་རབས་ཅན་གཅིག་དྲིལ་ཇུས་འགོད་དང་གཅིག་གྱུར་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱེད་པ། འདེད་སྐུལ་གསར་གཏོོད་ཀྱི་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ་བརྗོད་དོན་དུ་འཛིན་པ་དང་། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་བྱེད་པ། འཕེལ་རྒྱས་གསར་བའི་རྣམ་པ་འཛུགས་སྐྲུན་བྱེད་པའི་བླང་བྱ་མགྱོགས་མྱུར་ངང་འཛུགས་པ་དངོས་འབེབས་བྱས་ཏེ། ཞིང་སྡེའི་གཞི་རྩའི་ཚོང་གཉེར་ལམ་ལུགས་སྲ་བརྟན་དང་འཐུས་ཚང་དུ་གཏོང་བ་དང་། ཞིང་ལས་མདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། ཞིང་སྡེ་འཛུགས་སྐྲུན་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་གོ་གནས་གལ་ཆེན་ཏུ་བཞག་སྟེ། ཁྱོན་ཡོངས་ནས་ཞིང་སྡེའི་ཐོན་ལས་དང་ཤེས་ལྡན་མི་སྣ། རིག་གནས། སྐྱེ་ཁམས། རྩ་འཛུགས་དར་སྤེལ་སོགས་ལ་སྐུལ་འདེད་བྱེད་པ་དང་། ཞིང་ལས་ཐོན་རྫས་ཀྱི་འདོན་སྤྲོད་དང་སྐྱེ་ཁམས་སྲུང་ཡོལ། རིག་གནས་རྒྱུད་འཛིན་སོགས་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་དར་སྤེལ་ལམ་ལུགས་སུ་བསྙེགས་དགོས་ལ། ཞིང་ལས་ཞིང་སྡེའི་དེང་རབས་ཅན་དུ་བསྒྱུར་བའི་གོམ་ཁ་ཇེ་མགྱོགས་སུ་བཏང་སྟེ། བཟོ་ཞིང་ཕན་ཚུན་སྐུལ་འདེད་དང་མཁར་གྲོང་ཕན་ཚུན་ཁ་གསབ། མཐུན་སྦྱོར་འཕེལ་རྒྱས་བྱེད་པ། མཉམ་དུ་དར་རྒྱས་འགྲོ་བའི་གསར་དར་གྱི་བཟོ་ཞིང་མཁར་གྲོང་གི་འབྲེལ་བ་ཆགས་སུ་བཅུག་ནས། ཞིང་ལས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་བ། ཞིང་སྡེ་གནས་འཚམ་དང་ལས་འཚམ་ཡིན་པ། ཞིང་བ་འབྱོར་ཕྱུག་ལྡན་པ་བཅས་ལ་སྐུལ་འདེད་བཏང་སྟེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་གྱི་མགོ་ལེགས་པོ་རྩོམ་པར་ནུས་ཤུགས་གང་ལེགས་འདོན་དགོས།
(གཉིས) དམིགས་འབེན་ལས་འགན། 2021ལོར། ཞིང་ལས་མཁོ་འདོན་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་ལ་སྐུལ་འདེད་བཏང་ནས་འབྲུ་རིགས་འདེབས་འཛུགས་ཀྱི་རྒྱ་ཁྱོན་གཏན་འཇགས་དང་། ཐོན་ཚད་རྒྱ་མ་དུང་ཕྱུར་ཁྲི1.3ཡན་ལ་བསླེབ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། གསོ་ཕག་གི་ཐོན་ལས་བརྟན་བརླིང་འཕེལ་རྒྱས་དང་། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་དང་ཟས་རིགས་ཀྱི་བདེ་འཇགས་ཆུ་ཚད་སྔར་ལས་མཐོར་འདེགས་སུ་གཏོང་བ་དང་། ཞིང་བའི་ཡོང་སྒོ་འཕར་བསྣོན་དེ་མཁར་གྲོང་སྡོད་དམངས་ལས་མགྱོགས་ཤིང་། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་དགོས། ཞིང་ལས་ཞིང་སྡེའི་དེང་རབས་ཅན་གྱི་འཆར་འགོད་ལག་བསྟར་བྱེད་མགོ་ཚུགས་པ་དང་། དབུལ་ཐར་འགག་སྒྲོལ་གྱི་སྲིད་ཇུས་མ་ལག་དང་བྱ་བའི་ལམ་ལུགས་དེ་གྲོང་གསེབ་དར་སྤེལ་དང་ཕན་ནུས་ལྡན་པའི་སྦྲེལ་མཐུད་དང་། གཏན་འཇགས་བར་བརྒལ་བྱེད་པ་དང་། ཞིང་སྡེ་འཛུགས་སྐྲུན་འགུལ་སྐྱོད་ཁྱོན་ཡོངས་ནས་མགོ་བརྩམས་ཏེ། ཞིང་སྡེ་འཚོ་སྡོད་ཁོར་ཡུག་ལེགས་བཅོས་མཐོར་འདེགས་སུ་བཏང་སྟེ། ཞིང་སྡེ་བཅོས་བསྒྱུར་གྱི་གཙོ་གནད་ལས་འགན་ལ་སྐུལ་འདེད་བཏང་ནས། ཞིང་སྡེའི་སྤྱི་ཚོགས་འཆམ་མཐུན་གཏན་འཇགས་རྒྱུན་འཁྱོངས་བྱེད་དགོས།
2025ལོར་བསླེབ་དུས། ཞིང་ལས་ཞིང་སྡེའི་དེང་རབས་ཅན་ལ་གལ་ཆེའི་འཕེལ་རྒྱས་བྱུང་ནས་ཞིང་ལས་རྨང་གཞི་སྒྲིག་ཆས་དེང་རབས་ཅན་གྱི་དུས་སྐབས་གསར་བར་བསྐྱོད་པ་དང་། ཞིང་སྡེའི་འཚོ་བའི་སྒྲིག་ཆས་སྟབས་བདེ་ཅན་ཐོག་མར་མངོན་འགྱུར་བྱེད་པ་དང་། མཁར་གྲོང་གི་གཞི་རྩའི་སྤྱི་བའི་ཞབས་ཞུ་ཆ་སྙོམས་ཅན་གྱི་ཆུ་ཚད་མངོན་གསལ་གྱིས་ཇེ་མཐོར་གཏོང་དགོས། ཞིང་ལས་རྨང་གཞི་སྔར་ལས་སྲ་བརྟན་དང་། འབྲུ་རིགས་དང་ཞིང་ལས་ཐོན་རྫས་མཁོ་འདོན་ལ་སྔར་ལས་འགན་སྲུང་ཡོད་ཅིང་། ཞིང་ལས་ཐོན་སྐྱེད་སྒྲིག་གཞི་དང་ས་ཁོངས་བཀོད་སྒྲིག་མངོན་གསལ་གྱིས་ཇེ་ལེགས་སུ་གཏོང་བ་དང་། ཞིང་ལས་སྤུས་ཚད་ཕན་འབྲས་དང་འགྲན་རྩོད་ནུས་ཤུགས་མངོན་གསལ་གྱིས་ཇེ་མཐོར་བཏང་ནས། དེང་རབས་ཞིང་སྡེའི་ཐོན་ལས་མ་ལག་ཐོག་མར་ཆགས་པ་དང་། ཆ་རྐྱེན་ཡོད་པའི་ས་ཁུལ་གྱིས་སྔོན་ལ་ཞིང་ལས་དེང་རབས་ཅན་མངོན་འགྱུར་བྱེད་དགོས། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་དང་། མཁར་གྲོང་སྡོད་དམངས་ཀྱི་ཡོང་སྒོའི་བར་ཁྱད་ཆུང་རུ་གཏོང་དགོས། ཞིང་སྡེའི་ཐོན་སྐྱེད་འཚོ་བའི་རྣམ་པ་དེ་བཙོག་མེད་ཅན་དུ་གཏོང་བར་འཕེལ་རྒྱས་བྱུང་ནས་ལུད་རྫས་ཞིང་སྨན་བེད་སྤྱོད་ཚད་ཇེ་ཉུང་དུ་གཏོང་བ་དང་། ཞིང་སྡེའི་སྐྱེ་ཁམས་ཁོར་ཡུག་ལ་མངོན་གསལ་གྱིས་ལེགས་བཅོས་བྱེད་དགོས། ཞིང་སྡེ་འཛུགས་སྐྲུན་ལ་ཕན་འབྲས་མངོན་གསལ་བླངས་ཏེ། ཞིང་སྡེའི་རྣམ་པར་འགྱུར་ལྡོག་གཏོང་བ་དང་། ཞིང་སྡེ་འཕེལ་རྒྱས་ཀྱི་གསོན་ཤུགས་སྐུལ་སྤེལ་བྱས་ནས་ཞིང་སྡེའི་དཔལ་ཡོན་ཚད་གཞི་མངོན་གསལ་གྱིས་ཇེ་མཐོར་གཏོང་བ་དང་། ཞིང་སྡེ་འཕེལ་རྒྱས་བདེ་འཇགས་ལ་སྔར་བས་འགན་སྲུང་ནུས་ལྡན་བྱས་ནས་ཞིང་བའི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་མངོན་གསལ་གྱིས་མཐོ་རུ་གཏོང་དགོས།
གཉིས། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་དང་གྲོང་གསེབ་དར་སྤེལ་གཉིས་ཀྱི་ཕན་ནུས་ལྡན་པའི་འབྲེལ་མཐུད་སྲ་བརྟན་དང་རྒྱ་བསྐྱེད་པ་མངོན་འགྱུར་བྱེད་དགོས།
(གསུམ)འབྲེལ་མཐུད་བར་བརྒལ་དུས་སྐབས་སྒྲིག་འཛུགས་བྱེད་དགོས། དབུལ་ཐར་འགག་སྒྲོལ་གྱི་དམིགས་འབེན་ལས་འགན་ལེགས་འགྲུབ་བྱས་རྗེས། དབུལ་ཐར་བྱུང་བའི་རྫོང་གིས་དབུལ་ཐར་བྱུང་རྗེས་ཀྱི་ཉིན་ནས་བཟུང་ལོ་ལྔའི་བར་བརྒལ་དུས་སྐབས་བཙུགས་ནས་དབུལ་སྐྱོར་ལ་རོགས་འདེགས་བྱེད་དགོས། ཐོད་བརྒལ་དུས་སྐབས་ནང་ད་ཡོད་ཀྱི་རོགས་སྐྱོར་སྲིད་ཇུས་སྤྱིའི་ཆ་ནས་གཏན་འཇགས་བྱེད་པ་རྒྱུན་འཁྱོངས་བྱེད་དགོས་པ་མ་ཟད། རིམ་བཞིན་རིགས་དབྱེ་ནས་ལེགས་བཅོས་སྙོམ་སྒྲིག་བྱེད་པ་དང་། ལུགས་མཐུན་སྒོས་གོ་རིམ་དང་ཤུགས་ཚད། དུས་བཀག་བཅས་ལ་ཚོད་འཛིན་བྱས་ཏེ་རིམ་བཞིན་གཅིག་བསྡུས་ཐོན་ཁུངས་ཀྱིས་དབུལ་ཐར་འགག་སྒྲོལ་ལ་རྒྱབ་སྐྱོར་བྱས་ནས་ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ་དུ་གཏོང་བར་གཏན་འཇགས་ངང་བར་བརྒལ་བྱེད་པ་མངོན་འགྱུར་བྱེད་དགོས་ལ། “ཞིང་གསུམ”བྱ་བའི་གཙོ་གནད་ལ་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ལ་སྐུལ་འདེད་གཏོང་དགོས། རིགས་སོ་སོའི་སྲིད་ཇུས་ཇེ་ལེགས་སུ་གཏོང་བའི་བྱེ་བྲག་གི་བྱེད་ཐབས་བཏོན་ནས། བྱ་བ་དང་སྲིད་ཇུས་ལ་ཆད་ལུས་མེད་པར་ཁག་ཐེག་བྱེད་དགོས།
(བཞི) དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་གཏོང་དགོས། ཕྱིར་དབུལ་ལོག་གི་ལྟ་སྐུལ་ཚད་ལེན་དང་རོགས་སྐྱོར་ལམ་ལུགས་འཐུས་ཚང་དུ་བཏང་ནས། ཕྱིར་དབུལ་ལོག་གི་དབུལ་ཕོངས་མི་གྲངས་དུས་ཐོག་ཏུ་རྙེད་པ་དང་། དུས་ཐོག་ཏུ་རོགས་སྐྱོར་བྱེད་དགོས་ལ། གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་ཚད་མཐའ་འགོག་སྲུང་བྱེད་དགོས། བདེ་བཀོད་ས་ཁུལ་ཆེ་འབྲིང་ཅན་གཙོ་གནད་དུ་བྱས་ཏེ། ཡུལ་གཞན་གནས་སྤོར་གྱི་རྒྱུན་མཐུད་རོགས་སྐྱོར་བྱ་བ་གཟབ་ནན་སྒོས་སྒྲུབ་པ་དང་། ལས་ཞུགས་དང་ཐོན་ལས་རོགས་སྐྱོར་ཤུགས་ཚད་ཆེ་རུ་བཏང་སྟེ། བདེ་བཀོད་ས་ཁུལ་གྱི་རྨང་གཞི་སྒྲིག་ཆས་དང་ཐོན་ལས་གླིང་ཁུལ་གྱི་སྒྲིག་ཆས། དེ་མིན་སྤྱི་བའི་ཞབས་ཞུའི་སྒྲིག་ཆས་བཅས་འཐུས་ཚང་དུ་བཏང་ནས། སྡེ་ཁུལ་གྱི་བཅོས་སྐྱོང་ནུས་ཤུགས་མཐོར་འདེགས་སུ་གཏོང་དགོས། རོགས་སྐྱོར་ལས་གཞིའི་མ་རྩའི་དོ་དམ་དང་ལྟ་སྐུལ་ལ་ཤུགས་བསྣོན་དགོས།
(ལྔ) དབུལ་ཐར་ས་ཁུལ་གྱི་གྲོང་གསེབ་དར་སྤེལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས། དབུལ་ཐར་ས་ཁུལ་གྱི་ཁྱད་ལྡན་གསོ་སྤེལ་ལས་རིགས་མཐོར་འདེགས་སུ་གཏོང་བ་ལག་བསྟར་བྱེད་པ་དང་། ཞིང་ལས་ཐོན་རྫས་ཕྱིར་འཚོང་འབྲེལ་མཐུད་བྱ་འགུལ་རྒྱ་ཆེར་སྤེལ་ཏེ་འཛད་སྤྱོད་རོགས་སྐྱོར་གཏིང་ཟབ་ངང་རྒྱ་བསྐྱེད་དགོས། རྩ་འཛུགས་ཡོད་པའི་ངལ་རྩོལ་ནུས་ཤུགས་ཕྱིར་གཏོང་བྱ་བ་ལེགས་པོར་སྒྲུབ་པ་དང་། སྤྱི་ཕན་ལས་གནས་གཅིག་བསྡུས་ཀྱིས་བེད་སྤྱོད་གང་ལེགས་བྱས་ནས་ཆ་རྐྱེན་དང་མཐུན་པའི་ལས་ཞུགས་ཀྱི་དཀའ་ཁག་ཡོད་པའི་མི་སྣར་ལས་ཞུགས་རོགས་སྐྱོར་བྱེད་དགོས། ཞིང་ལས་ཞིང་སྡེའི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ཁྱབ་ཁོངས་རྒྱ་བསྐྱེད་དེ་ལས་ཚབ་རྒུད་སྤྲོད་ཀྱི་རྣམ་པས་རོགས་སྐྱོར་བྱེད་པ་དང་། དབུལ་ཐར་མི་གྲངས་དང་ཡོང་སྒོ་དམའ་བའི་མི་གྲངས་དེ་ས་གནས་དེ་ག་ནས་ལས་ཞུགས་བྱེད་པར་ནང་འགུག་བྱེད་དགོས། དབུལ་ཐར་ས་ཁུལ་དུ་ས་ཁོངས་རང་བཞིན་དང་ས་ཁུལ་བརྒལ་བའི་གཙོ་གནད་རྨང་གཞི་སྒྲིག་ཆས་ལས་གཞི་སྐོར་ཞིག་གཙོ་གནད་དུ་བཟུང་ནས་འཛུགས་སྐྲུན་བྱེད་དགོས། དབུལ་ཐར་རྫོང་གི་གྲོང་གསེབ་དར་སྤེལ་གྱི་རྒྱབ་སྐྱོར་ཤུགས་ཚད་ཆེ་རུ་གཏོང་དགོས། ནུབ་རྒྱུད་ས་ཁུལ་གྱི་དབུལ་ཐར་རྫོང་གི་ཁྲོད་རྒྱལ་ཁབ་ཀྱི་གྲོང་གསེབ་དར་སྤེལ་གྱི་གཙོ་གནད་དབུལ་སྐྱོར་རྫོང་སྐོར་ཞིག་གཏན་འཁེལ་བྱས་ནས་གཅིག་བསྡུས་སྒོས་རྒྱབ་སྐྱོར་བྱེད་པ་དང་། ས་གནས་སོ་སོའི་རང་བདག་སྒོས་དབུལ་ཐར་རྫོང་ཁ་ཤས་བདམས་ནས་གྲོང་གསེབ་དར་སྤེལ་གྱི་གཙོ་གནད་དབུལ་སྐྱོར་རྫོང་དུ་གཏན་འཁེལ་བྱེད་དགོས། དབུས་ནུབ་རྒྱུད་ཀྱི་མཐུན་སྦྱོར་དང་ཁ་གཏད་རོགས་སྐྱོར། སྤྱི་ཚོགས་ཀྱི་སྟོབས་ཤུགས་རོགས་སྐྱོར་ཁྲོད་ཞུགས་པའི་ལམ་ལུགས་སོགས་རྒྱུན་འཁྱོངས་དང་འཐུས་ཚང་གཏོང་དགོས།
(དྲུག)ཞིང་སྡེའི་ཡོང་སྒོ་དམའ་བའི་མི་གྲངས་ཀྱི་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལ་ཤུགས་བསྣོན་དགོས། ཞིང་སྡེའི་ཡོང་སྒོ་དམའ་བའི་མི་གྲངས་ཀྱི་འགུལ་རྣམ་ལྟ་ཞིབ་བྱ་བ་སྤེལ་བ་དང་། རིམ་བགོས་རིགས་དབྱེའི་རོགས་སྐྱོར་ལག་བསྟར་བྱེད་དགོས། ངལ་རྩོལ་ནུས་ཤུགས་ཡོད་པའི་ཞིང་སྡེའི་ཡོང་སྒོ་དམའ་བའི་མི་གྲངས་ལ་གསར་སྤེལ་ཅན་གྱི་རོགས་སྐྱོར་བྱེད་པ་རྒྱུན་འཁྱོངས་དང་། དེའི་ནང་རྐྱེན་འཕེལ་རྒྱས་ནུས་ཤུགས་མཐོར་འདེགས་སུ་བཏང་ནས་ཐོན་ལས་འཕེལ་རྒྱས་དང་ལས་ཞུགས་བྱེད་དུ་འཇུག་དགོས་ལ། ལག་པ་གཉིས་ལ་བརྟེན་ནས་ཕྱུག་འགྱུར་བྱེད་དགོས། དབུལ་ཐར་མི་གྲངས་ཁྲོད་ངལ་རྩོལ་ནུས་ཤུགས་ཤོར་བ་མ་ཟད་ཐོན་ལས་ལས་ཞུགས་ལ་བརྟེན་ནས་ཡོང་སྒོ་གཏན་འཇགས་བྱེད་མི་ཐུབ་པའི་མི་གྲངས་ལ། ད་ཡོད་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་རྨང་གཞི་བྱས་ཏེ། གཏན་འཁེལ་ལྟར་ཞིང་སྡེའི་མ་མཐའི་འགན་སྲུང་དང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་ཁྲོད་འཇོག་དགོས་པ་མ་ཟད། དཀའ་ངལ་གྱི་རིགས་དབྱེ་ལྟར་དུས་ཐོག་ཏུ་ཆེད་སྤྱོད་རོགས་སྐྱོར་དང་གནས་སྐབས་རོགས་སྐྱོར་བྱེད་དགོས།
གསུམ། ཞིང་ལས་ཀྱི་དེང་རབས་ཅན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་དགོས།
( བདུན) འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་མཁོ་སྤྲོད་ཀྱི་འགན་སྲུང་བྱེད་ནུས་ཆེ་རུ་གཏོང་དགོས། ས་གནས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་འབྲུ་རིགས་བདེ་འཇགས་ཀྱི་ཆབ་སྲིད་འགན་འཁྲི་ཏན་ཏིག་གིས་འཁུར་བ་དང་འབྲུ་རིགས་བདེ་འཇགས་ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་སྒོས་ལག་བསྟར་བྱེད་དགོས། ཞིང་ལས་ཐོན་རྫས་གལ་ཆེན་འགན་སྲུང་བྱེད་པའི་འཐབ་ཇུས་གཏིང་ཟབ་ངང་ལག་བསྟར་བྱེད་པ་དང་། འབྲུ་རིགས་བདེ་འཇགས་ཀྱི་ཧྲིན་ཀྲང་གི་འགན་འཁྲིའི་ལམ་ལུགས་དང“ཚོད་སླེའི”ཧྲི་ཀྲང་གི་འགན་འཁྲིའི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། འབྲུ་རིགས་དང་སྲིང་བལ། སྣུམ། ཀ་ར། ཤ་སོགས་མཁོ་སྤྲོད་ཀྱི་བདེ་འཇགས་ཡོང་བར་ཁག་ཐེག་བྱ་དགོས། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་། ཞིང་ཆེན( རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར།)སོ་སོས་འབྲུ་རིགས་འདེབས་ཁྱོན་བརྟན་པོ་ཡོང་བ་དང་མུའུ་རེའི་ཐོན་ཚད་མཐོ་རུ་གཏོང་དགོས། འབྲུ་རིགས་ཐོན་སྐྱེད་བྱེད་ནུས་ཁུལ་དང་ཞིང་ལས་ཐོན་རྫས་གལ་ཆེན་ཐོན་སྐྱེད་སྲུང་སྐྱོང་ཁུལ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཐོན་ལས་ཁུལ་འཛུགས་སྐྲུན་བྱེད་དགོས། འབྲུ་འདེབས་ཞིང་པའི་ཁ་གསབ་ཇེ་བརྟན་དུ་བཏང་ནས་འབྲུ་འདེབས་ལ་ལུགས་མཐུན་གྱི་ཕན་འབྲས་ཐོན་པར་བྱེད་དགོས། འབྲས་དང་གྲོ་ཉོ་སྒྲུབ་བྱེད་པའི་རིན་གོང་དམའ་ཤོས་ཀྱི་སྲིད་ཇུས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། མ་རྨོས་ལོ་ཏོག་དང་སྲན་ཆེན་ཐོན་སྐྱེད་བྱེད་མཁན་ལ་ཁ་གསབ་བྱེད་པའི་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས།
ཞིང་ལས་ཀྱི་གྲུབ་ཚུལ་ལེགས་སྒྲིག་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ས་བོན་རྒྱུད་བཟང་དུ་གཏོང་བ། སྤུས་ཚད་ཇེ་ལེགས་སུ་གཏོང་བ། ཚོང་རྟགས་གྲགས་ཅན་གཏོད་པ། ཚད་ལྡན་ཅན་དུ་འགྱུར་བའི་ཐོན་སྐྱེད་བཅས་ལ་སྐུལ་འདེད་གཏོང་དགོས། སྔོ་སྐམ་མ་རྨོས་ལོ་ཏོག་སོགས་སྤུས་ལེགས་གཟན་རྩྭ་དང་གཟན་ཆས་འཕེལ་རྒྱས་གཏོང་བར་སྐུལ་ལྕག་གཏོང་བ་དང་སྲན་ཆེན་ཐོན་སྐྱེད་གཏན་འཇགས་བྱེད་པ་དང་། ཐབས་མང་མཉམ་སྤྱོད་ཀྱིས་པད་ཁ་དང་བ་དམ་སོགས་སྣུམ་རྒྱུ་འཕེལ་རྒྱས་སུ་གཏོང་དགོས། འབྲུ་ཐོན་རྫོང་ཆེན་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་དགོས། འབྲས་དང་གྲོ། མ་རྨོས་ལོ་ཏོག་བཅས་འབྲུ་རིགས་ལོ་ཏོག་ཆེ་གྲས་གསུམ་གྱི་མ་གནས་ཆ་ཚང་འགན་བཅོལ་དང་ཡོང་འབབ་འགན་བཅོལ་གྱི་ཚོད་ལྟའི་ཁྱབ་ཁོངས་རྒྱ་ཆེར་གཏོང་རྒྱུ་དང་། ཆ་རྐྱེན་འཛོམས་པའི་ཞིང་ཆེན་གྱིས་འབྲུ་རིགས་ཐོན་ཁུལ་རྫོང་ཆེན་གྱི་འབྲུ་རིགས་ལོ་ཏོག་ཆེ་གྲས་གསུམ་གྱི་ཞིང་ལས་འགན་བཅོལ་གྲོན་དངུལ་རྫོང་རིམ་པའི་ཁ་གསབ་བསྡུར་ཚད་ཇེ་དམའ་རུ་གཏོང་བར་རྒྱབ་སྐྱོར་བྱེད་དགོས། འབྲུ་རིགས་སྤུས་ལེགས་ཀྱི་བཟོ་སྐྲུན་ལ་སྐུལ་སྤེལ་གཏིང་ཟབ་གཏོང་དགོས། དེང་རབས་ཀྱི་གསོ་སྤེལ་མ་ལག་འཛུགས་སྐྱོང་ཇེ་མགྱོགས་སུ་གཏོང་བ་དང་། ཕག་གསོའི་རྨང་གཞིའི་ཐོན་ནུས་སྲུང་སྐྱོང་བྱེད་པ། ཕག་གསོའི་ཐོན་ལས་བརྟན་ཞིང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་གཏོང་བའི་ཡུན་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ཧུར་ཐག་གིས་ནོར་ལུག་ཐོན་ལས་འཕེལ་རྒྱས་གཏོང་བ་དང་འོ་ལས་དར་སྤེལ་གཏོང་བའི་འགུལ་སྐྱོད་མུ་མཐུད་དུ་ལག་བསྟར་བྱེད་པ་དང་། ཆུའི་ཐོན་རྫས་གནོད་མེད་དང་སྐྱོན་བྲལ་ངང་གསོ་སྤེལ་བྱེད་པར་སྐུལ་འདེད་གཏོང་དགོས། ཉ་ལས་གྲུ་ཁ་འཛུགས་སྐྲུན་དང་དོ་དམ་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་དགོས། ཤིང་རྒྱུད་འབྲུ་སྣུམ་དང་ནགས་བརྟེན་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཞིང་ལས་ཐོན་རྫས་ཉོ་ཚོང་གི་བཀོད་སྒྲིག་བྱེད་ཚུལ་ཇེ་ལེགས་སུ་གཏོང་བ་དང་། ཞིང་ལས་ཐོན་རྫས་ནང་འདྲེན་སྣ་མང་ཅན་གྱི་འཐབ་ཇུས་ལག་བསྟར་བྱེད་པ། ཁེ་ལས་གོ་ལ་ཧྲིལ་པོའི་ཞིང་ལས་ཐོན་རྫས་མཁོ་སྤྲོད་ཕྲེང་འབྲེལ་ནང་ཞུགས་པར་རྒྱབ་སྐྱོར་བྱེད་དགོས། ཞིང་ལས་ཐོན་རྫས་གལ་ཆེན་ལྐོག་འདྲེན་བྱེད་པར་རྡུང་རྡེག་གཏོང་བའི་མཐོ་གནོན་གནས་སྟངས་རྒྱུན་འཁྱོངས་བྱེད་དགོས། འགག་སྒོའི་རིམས་བཤེར་དང་ཕྱི་ནས་ནང་འཛུལ་བྱས་པའི་དངོས་རིགས་ཀྱི་སྔོན་འགོག་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་དགོས། འབྲུ་རིགས་གྲོན་ཆུང་གི་འགུལ་སྐྱོད་སྤེལ་ནས་ཐོན་སྐྱེད་དང་འཁོར་རྒྱུག ལས་སྣོན། གསོག་འཇོག འཛད་སྤྱོད་བཅས་ཀྱི་གོ་རིམ་ཁྲོད་འབྲུ་རིགས་ཟད་གྲོན་དང་འཕྲོ་བརླག་ཇེ་ཉུང་དུ་གཏོང་དགོས།
(བརྒྱད) ས་བོན་ལས་རིགས་ཀྱི་བསྐྱར་ལོག་དམག་འཐབ་ཡག་པོ་རྒྱག་དགོས། ཞིང་ལས་དེང་རབས་ཅན་དུ་འགྱུར་བར་ས་བོན་ནི་རྨང་གཞི་ཡིན། ཞིང་ལས་ཀྱི་སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོང་དང་གསར་སྤེལ་བེད་སྤྱོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཐེངས་གསུམ་པའི་ཞིང་ལས་སྐྱེ་དངོས་ཀྱི་སོན་རྒྱུའི་ཐོན་ཁུངས་དང་། སྒོ་ཕྱུགས་དང་ཁྱིམ་བྱ་རིགས་ཀྱི་སོན་རྒྱུའི་ཐོན་ཁུངས་བརྟག་དཔྱད་དང་བསྡུ་རུབ་བྱེད་ཤུགས་ཇེ་མགྱོགས་སུ་བཏང་ནས་རྒྱལ་ཁབ་ཀྱི་ལོ་ཏོག་དང་སྒོ་ཕྱུགས། ཁྱིམ་བྱ། རྒྱ་མཚོའི་ཉ་ལས་བཅས་ཀྱི་སྐྱེ་དངོས་ཀྱི་སོན་རྒྱུའི་ཐོན་ཁུངས་མཛོད་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། རྒྱུད་སྤེལ་གྱི་རྨང་གཞིའི་རང་བཞིན་གྱི་ཞིབ་འཇུག་དང་གཙོ་གནད་རྒྱུད་སྤེལ་རྣམ་གྲངས་ལ་ཡུན་རིང་ངང་རྒྱབ་སྐྱོར་བརྟན་པོ་བྱ་དགོས། ཞིང་ལས་ཀྱི་སྐྱེ་དངོས་སོན་གསོའི་ཚན་རྩལ་རྣམ་གྲངས་གལ་ཆེན་གང་མགྱོགས་ཀྱིས་ལག་བསྟར་བྱ་དགོས། ཞིང་ལས་སྐྱེ་དངོས་དང་སྒོ་ཕྱུགས་དང་ཁྱིམ་བྱའི་སོན་བཟང་མཉམ་འབྲེལ་འགག་སྒྲོལ་གཏིང་ཟབ་ངང་སྤེལ་དགོས། སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ལེགས་བཅོས་འཆར་གཞི་དང་དེང་རབས་ས་བོན་ལས་རིགས་མཐོར་འདེགས་ལས་གཞི་གསར་པ་ལག་བསྟར་བྱེད་དགོས། ཚན་རིག་ལ་བརྩི་འཇོག་དང་ལྟ་སྐུལ་དོ་དམ་ནན་མོས་གོ་རིམ་ལྡན་པའི་སྒོ་ནས་སྐྱེ་དངོས་སོན་གསོ་ཐོན་ལས་ཅན་གྱི་ཉེར་སྤྱོད་ལ་སྐུལ་འདེད་གཏོང་དགོས། སོན་གསོའི་ཁྱབ་ཁོངས་ཀྱི་ཤེས་བྱའི་ཐོན་དངོས་བདག་དབང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། སོན་ལས་སྣེ་འདྲེན་ཁེ་ལས་ཀྱིས་ཚོང་ལས་ཅན་གྱི་སོན་གསོའི་མ་ལག་གསར་འཛུགས་དང་འཐུས་ཚང་དུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ནས་ནན་ཧྥང་ཀུའེ་ཀུའུ་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་བ་དང་། སོན་གསོའི་རྟེན་གཞི་དང་སོན་བཟང་གསོ་སྤེལ་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་གལ་ཆེའི་སོན་སྣ་ཞིབ་འཇུག་གསར་སྤེལ་དང་ཁྱབ་གདལ་བཏང་རྗེས་ཀྱི་ཁ་གསབ་སྲིད་ཇུས་ལ་ཞིབ་འཇུག་བྱས་ཏེ་གསོ་སྤེལ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
(དགུ)རྨོ་ཞིང་མུའུ་དུང་ཕྱུར18ཀྱི་དམར་ཐིག་མཐའ་གཅིག་ཏུ་བརྟན་སྲུང་བྱ་དགོས། སྐྱེ་ཁམས་དང་ཞིང་ལས། མཁར་གྲོང་སོགས་ཀྱི་བྱེད་ནུས་བར་སྟོང་གཅིག་གྱུར་གྱིས་བཀོད་སྒྲིག་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་བར་སྟོང་སྣ་ཚོགས་ཀྱི་དོ་དམ་དང་ཚོད་འཛིན་མཐའ་མཚམས་དབྱེ་འབྱེད་བྱས་ཏེ། ས་ཞིང་སྤྱོད་སྒོ་རྩིས་སྤྲོད་དོ་དམ་ལག་བསྟར་ཡང་དག་བྱ་དགོས། བྱེད་ཐབས་ནན་མོ་སྤྱད་དེ་རྨོ་ཞིང་སྲུང་སྐྱོང་ལམ་ལུགས་དོན་འཁྱོལ་བྱ་དགོས། སྒྲིག་འགལ་ངང་རྨོ་ཞིང་བདག་འཛིན་དང་རང་བྱུང་གི་ཆོས་ཉིད་དང་འགལ་ནས་ལྗང་བསྒྱུར་ནགས་བསྐྲུན་དང་མཚེའུ་སྔོག་ལྗོངས་སྐྲུན་རིགས་གཏན་འགོག་བྱེད་དགོས་པ་དང་། ཞིང་ལས་མ་ཡིན་པའི་འཛུགས་སྐྲུན་གྱིས་རྨོ་ཞིང་བདག་བཟུང་བྱེད་པའི་རིགས་ལ་ཚོད་འཛིན་ནན་མོ་བྱེད་དགོས་ལ། ཞིང་སྡེ་རུ་རྨོ་ཞིང་གང་བྱུང་དུ་བདག་བཟུང་བྱས་ནས་སྡོད་ཁང་འཛུགས་སྐྲུན་གྱི་ཆེད་དོན་བཅོས་སྐྱོང་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་ནས་རྨོ་ཞིང“ཞིང་ལས་ཐད་བཀོལ་སྤྱོད་མི་བྱེད་པ”བཀག་སྡོམ་དང“འབྲུ་རིགས་མི་འདེབས་པར”མཐའ་གཅིག་ཏུ་སྔོན་འགོག་བྱེད་དགོས། རྨོ་ཞིང་བེད་སྤྱོད་བྱེད་པའི་དམིགས་བསལ་གྱི་གོ་རིམ་ཁ་གསལ་བཟོས་ཏེ་གཏན་འཇགས་གཞི་རྩའི་ཞིང་ས་གཙོ་བོ་འབྲུ་རིགས་དང་ལྷག་པར་དུ་བཟའ་འབྲུ་ཐོན་སྐྱེད་ཐད་སྤྱོད་པ་དང་། སྤྱིར་བཏང་གི་རྨོ་ཞིང་དག་གཙོ་བོ་འབྲུ་རིགས་དང་སྲིང་བལ། སྣུམ། ཀ་ར། སྔོ་ཚོད་སོགས་ཞིང་ལས་ཐོན་རྫས་དང་གཟན་རྩྭ་གཟན་ཆས་ཐོན་སྐྱེད་བྱེད་པའི་ཐད་སྤྱོད་དགོས།
རྨོ་ཞིང་དང་གཏན་འཇགས་གཞི་རྩའི་ཞིང་སའི་དོ་དམ་དམིགས་ཚད་དང་བཀག་སྡོམ་བྱེད་ཚད་མི་འདྲ་བ་ཁ་གསལ་བཟོ་བ་དང་། རྨོ་ཞིང་ནགས་ས་དང་ལྡུམ་རར་བསྒྱུར་བ་སོགས་ཀྱི་གཞན་པའི་བེད་སྤྱོད་ལ་ཚོད་འཛིན་ནན་མོ་བྱེད་པ། ས་ཞིང་འཁོར་རྒྱུག་གི་སྤྱོད་སྒོར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་རྨོ་ཞིང་གི་གྲངས་འབོར་ཉུང་དུ་མི་འགྲོ་བ་དང་སྤུས་ཀ་ཇེ་ལེགས་སུ་འགྲོ་བར་ཁག་ཐེག་བྱ་དགོས། ཚད་གཞི་མཐོ་བའི་ཞིང་ཁའི་འཛུགས་སྐྲུན་རེས་སྐོར་གསར་པའི་འཆར་འགོད་ལག་བསྟར་བྱེད་པ་དང་། འཛུགས་སྐྲུན་གྱི་ཚད་གཞི་དང་སྤུས་ཀ་ཇེ་ལེགས་སུ་གཏོང་བ། དོ་དམ་སྲུང་སྐྱོང་གི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཐབས་ལམ་མང་པོར་བརྟེན་ནས་འཛུགས་སྐྲུན་གྱི་མ་དངུལ་གྲབས་གསོག་བཅས་བྱས་ཏེ་ཀྲུང་དབྱང་དང་ས་གནས་ཀྱིས་ཐུན་མོང་ཐོག་འབྲུ་རིགས་གཙོ་ཐོན་ཁུལ་གྱི་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་བྱེད་པར་མ་དངུལ་འཇོག་གྲངས་ཇེ་མང་དུ་གཏོང་རྒྱུ་དང་། 2021ལོར་ཐན་ཞོད་གང་བྱུང་ཡང་ལོ་ཏོག་བསྡུ་རྒྱུ་ཁག་ཐེག་དང་ཐོན་ཚད་མཐོ་ཞིང་བརྟན་ལ་ཚད་གཞི་མཐོ་བའི་ས་ཞིང་མུའུ་དུང་ཕྱུར1འཛུགས་སྐྲུན་བྱ་རྒྱུ། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ཁྲོད་ཁ་སྣོན་བྱས་པའི་རྨོ་ཞིང་དེ་བཟུང་གསབ་དོ་སྙོམས་དང་རྨོ་ཞིང་ཁ་གསབ་ཀྱི་དམིགས་ཚད་དུ་བརྩིས་ནས་ཞིང་ཆེན་ནང་ཁུལ་དུ་སྙོམ་སྒྲིག་བྱས་ཏེ། དེའི་ཡོང་འབབ་ཚད་གཞི་མཐོ་བའི་ཞིང་ཁའི་འཛུགས་སྐྲུན་ཐད་སྤྱོད་དགོས། འཛུགས་སྐྲུན་བདག་བཟུང་གི་རྨོ་ཞིང་བཟུང་གསབ་དོ་མཉམ་གྱི་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལེགས་བཅོས་བྱེད་དགོས་ལ། གསར་བསྣན་རྨོ་ཞིང་གི་ཞིབ་དཔྱད་གཏན་འཁེལ་དང་ལྟ་སྐུལ་དོ་དམ་ལ་གཟབ་ནན་བྱེད་དགོས། རྨོ་ཞིང་གི་གྲངས་འབོར་དང་སྤུས་ཚད་ལ་ལྟ་ཞིབ་དང་དོ་དམ་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། རྨོ་ཞིང་སྲུང་སྐྱོང་གི་ལྟ་ཞིབ་དང་ཁྲིམས་བསྟར་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། “ལོ་ལྔའི་འཆར་གཞི་བཅུ་གསུམ་པ”རིང་གི་ཞིང་ཆེན་རིམ་པའི་སྲིད་གཞུང་གི་རྨོ་ཞིང་སྲུང་སྐྱོང་འགན་འཁྲིའི་དམིགས་ཚད་ལ་ཞིབ་དཔྱད་བྱེད་དགོས།
(བཅུ) དེང་རབས་ཞིང་ལས་ཚན་རྩལ་དང་དངོས་པོའི་སྒྲིག་ཆས་ཀྱི་འདེགས་སྐྱོར་ཇེ་དྲག་ཏུ་གཏོང་དགོས། ཆུ་འདྲེན་ཞིང་ས་ཆེ་འབྲིང་ཁུལ་དུ་མུ་མཐུད་དུ་སྒྲིག་ཆས་དང་དེང་རབས་ཅན་གྱི་བསྒྱུར་བཀོད་ལག་བསྟར་བྱེད་དགོས། 2025ལོར་བསླེབ་དུས་ད་ཡོད་ཀྱི་ཉེན་ཡོད་ཆུ་མཛོད་ཚང་མའི་ཉེན་སེལ་བརྟན་བཟོ་ལེགས་འགྲུབ་བྱེད་དགོས། ཞིང་ལས་ཚན་རྩལ་རང་ཚུགས་རང་སྤེལ་རྒྱུན་འཁྱོངས་བྱེད་པ་དང་། ཞིང་ལས་ཚན་རྩལ་ཁྱབ་ཁོངས་ཀྱི་རྨང་གཞི་ཞིབ་འཇུག་རྒྱབ་སྐྱོར་ནང་རྐྱེན་བརྟན་བརླིང་གིས་འཐུས་ཚང་དུ་གཏོང་བ། ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ཏེ། གསར་གཏོད་རྟེན་གཞིའི་སྟེགས་བུ་འཛུགས་སྐྲུན་ལ་བཀོད་སྒྲིག་བྱེད་དགོས། གྲོང་གསེབ་དར་སྤེལ་གྱི་ཚན་རྩལ་འདེགས་སྐྱོར་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་དགོས། མཐོ་རིམ་སློབ་གྲྭས་གྲོང་གསེབ་དར་སྤེལ་ལ་བློ་གྲོས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་པར་རྒྱབ་སྐྱོར་བྱེད་དགོས། ཞིང་ལས་ཚན་རྩལ་གྱི་སྤྱི་ཚོགས་ཅན་གྱི་ཞབས་ཞུ་མ་ལག་འཛུགས་པར་ཤུགས་སྣོན་པ་དང་། ཚན་རྩལ་ཆེད་མངགས་པའི་ལམ་ལུགས་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། རྒྱལ་ཁབ་དྲོད་ཁུལ་ཀྱི་ཞིང་ལས་ལྟེ་གནས་འཛུགས་སྐྲུན་བྱེད་དགོས། ཞིང་ལས་འཕྲུལ་ཆས་རང་བདག་གསར་བཟོ་ནུས་པ་མཐོར་འདེགས་སུ་བཏང་ནས། ཚད་མཐོའི་རིག་ནུས་ལ་རྒྱབ་སྐྱོར་དང་། རི་ཁུལ་གྱི་ཞིང་ལས་འཕྲུལ་ཆས་ཞིབ་འཇུག་གསར་གཏོད་གསར་བཟོ་ལ་རྒྱབ་སྐྱོར་བྱེད་དགོས་ཤིང་། མངགས་ཉོ་ཁ་གསབ་བྱེད་ཤུགས་ཆེར་བསྐྱེད་དེ། ཞིང་ལས་འཕྲུལ་ཆས་ལས་སྒྲུབ་ཁ་གསབ་སྤེལ་དགོས། སྲོག་ཆགས་རིམས་འགོག་དང་ཞིང་ལས་སྐྱེ་དངོས་ནད་འབུའི་གནོད་འཚེ་འགོག་བཅོས་མ་ལག་འཛུགས་སྐྲུན་ཤུགས་དྲག་ཏུ་བཏང་ནས་སྔོན་འགོག་ཚོད་འཛིན་ནུས་པ་མཐོར་འདེགས་སུ་གཏོང་དགོས།
(བཅུ་གཅིག) དེང་རབས་ཞིང་སྡེའི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པ། ཞིང་སྡེའི་ཁྱད་ཆོས་ལྡན་པའི་ཐོན་ཁུངས་ལེགས་ཆར་བརྟེན་ནས། ཞིང་ལས་ཀྱི་ཁྱོན་ཡོངས་ཐོན་ལས་ཕྲེང་འབྲེལ་སྐྲུན་པ་དང་། ཐོན་ལས་ཕྲེང་འབྲེལ་གྱི་གཙོ་གཞི་རྫོང་མཁར་དུ་བཞག་ནས། ཞིང་བ་སྔར་ལས་མང་པོར་ཐོན་ལས་ཡོང་སྒོ་འཕར་བའི་རིན་ཐང་མཉམ་སྤྱོད་བྱས་ཏེ། དེང་རབས་ཞིང་ལས་ཀྱི་ཁྱོན་ཡོངས་ཐོན་ལས་ཕྲེང་འབྲེལ་ཚད་གཞི་མ་ལག་མྱུར་ཏུ་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བ་དང་། རྣམ་པ་གསར་པའི་ཞིང་ལས་གཉེར་སྐྱོང་གཙོ་གཞིས་ཚད་གཞི་ལྟར་ཐོན་སྐྱེད་བྱེད་པར་སྐུལ་འདེད་གཏོང་དགོས། ཞིང་ལས་སྣེ་འདྲེན་ཁེ་ལས་ཀྱི་ཚད་ལྡན“སྣེ་ཁྲིད་པ”གསོ་སྐྱོང་བྱེད་དགོས། རྫོང་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་ཐོན་ཁུལ་ནས་ཐོག་མའི་ལས་སྣོན་དང་སྤུས་ལེགས་ལས་སྣོན་བཀོད་སྒྲིག་ལ་རྐང་བཙུགས་ཏེ། དེང་རབས་ཞིང་ལས་ཐོན་ལས་གླིང་དང་ཞིང་ལས་ཐོན་ལས་སྟོབས་ལྡན་གྲོང་རྡལ། ལེགས་ཆ་ཆེ་ཞིང་ཁྱད་ཆོས་ལྡན་པའི་ཐོན་ལས་ཁྱུ་ཚོགས་བཅས་འཛུགས་སྐྲུན་བྱེད་དགོས། སྤྱི་ཕན་རང་བཞིན་གྱི་ཞིང་ལས་ཐོན་རྫས་ཁྲོམ་ར་དང་ཞིང་ལས་ཐོན་རྫས་འཁོར་རྒྱུག་རྐང་འཛིན་དྲ་རྒྱ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ཁམས་གསེང་ཞིང་ལས་དང་ཞིང་སྡེའི་ཡུལ་སྐོར་སྤུས་ལེགས་ཐོན་རྫས་ལམ་ཐིག་གསར་སྤེལ་བྱས་ཏེ་སྒྲིག་ཆས་འཐུས་ཚང་དུ་གཏོང་དགོས། ཞིང་སྡེའི་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་དཔེ་སྟོན་གླིང་དང་ཚན་རྩལ་དཔེ་སྟོན་གླིང་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ཞིང་ལས་དེང་རབས་ཅན་དཔེ་སྟོན་ཁུལ་དེ་ཞིང་ལས་དེང་རབས་ཅན་སྐུལ་འདེད་གཏོང་བའི་འཛིན་ལུང་གལ་ཆེན་དུ་བཟུང་སྟེ། ཞིང་ལས་ཐོན་ལས་མ་ལག་དང་ཐོན་སྐྱེད་མ་ལག གཉེར་སྐྱོང་མ་ལག་དེང་རབས་ཅན་གྱི་ཆུ་ཚད་མཐོར་འདེགས་བཅས་ལ་དམིགས་ནས། དམིགས་ཚད་མ་ལག་འཛུགས་སྐྲུན་བྱེད་པ་དང་། ཐོན་ཁུངས་སྒྲིག་སྦྱོར་དང་སྲིད་ཇུས་ཕྱོགས་བསྡུས་ལ་ཤུགས་བསྣན་ནས་རྫོང་རེ་སྡེ་ཚན་རེ་བྱས་ཏེ་གསར་སྐྲུན་སྤེལ་རྒྱུ། 2025ལོར་བསླེབ་དུས་དཔེ་སྟོན་ཁུལ500ཡས་མས་ཤིག་འཛུགས་སྐྲུན་བྱས་ཏེ་སྐས་རིམ་ཅན་གྱི་ཞིང་ལས་དེང་རབས་ཅན་གྱི་གནས་སྟངས་ཆགས་པར་སྐུལ་འདེད་གཏོང་དགོས། དེང་རབས་ཀྱི་ནགས་ལས་ཐོན་ལས་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་དགོས། “ཁེ་ལས་བརྒྱ་ཡིས་གྲོང་ཚོ་བརྒྱ་དར་རྒྱས་སུ་གཏོང་བའི”འགུལ་སྐྱོད་སྤེལ་བར་རྩ་འཛུགས་བྱེད་དགོས། ཁྱོན་ཡོངས་ནས་ཐོན་ལས་ཕྲེང་འབྲེལ་གྱི་རིན་ཐང་མཚོན་པའི་ཞིང་ལས་དང་འབྲེལ་ཡོད་ཐོན་ལས་ཀྱི་བསྡོམས་རྩིས་དང་ཞིབ་རྩིས་ལ་བརྟན་བརླིང་གིས་སྐུལ་འདེད་གཏོང་དགོས།
(བཅུ་གཉིས)ཞིང་ལས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་ས་ནག་སྲུང་སྐྱོབ་བཟོ་སྐྲུན་ལག་བསྟར་དང་། སྲུང་སྐྱོབ་རང་བཞིན་གྱིི་རྨོ་འདེབས་རྣམ་པ་ཁྱབ་སྤེལ་གཏོང་དགོས། རྨོ་ཞིང་རེས་འཁོར་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ལུད་རྫས་ཞིང་སྨན་ཉུང་གཏོང་དང་ཕན་འབྲས་ཆེ་བར་མུ་མཐུད་དུ་སྐུལ་འདེད་བཏང་སྟེ། ཞིང་ལས་སྐྱེ་དངོས་ཀྱི་ནད་འབུས་གནོད་འཚེ་ལ་གནོད་མེད་འགོག་སྡོམ་ཐོན་རྫས་དང་ལག་རྩལ་རྒྱ་ཁྱབ་ཏུ་སྤེལ་དགོས། སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་ཀྱི་ལུད་རྫས་ཐོན་ཁུངས་ཅན་གྱི་བེད་སྤྱོད་ལ་ཤུགས་སྣོན་བྱེད་དགོས། སོག་མའི་ཕྱོགས་བསྡུས་བེད་སྤྱོད་དང་ཞིང་སྤྱོད་འགྱིག་ཤོག ཞིང་སྨན་ཐུམ་རྒྱག་དངོས་པོ་བཅས་ཀྱི་ཚུར་སྡུད་འགུལ་སྐྱོད་ཕྱོགས་ཡོངས་ནས་སྤེལ་ནས་གནོད་མེད་ཞིང་སྤྱོད་འགྱིིག་ཤོག་ཞིབ་འཇུག་གསར་སྤེལ་རྒྱ་ཁྱབ་ཏུ་སྤེལ་བར་ཤུགས་སྣོན་དགོས། འབྲི་ཆུའི་དཔལ་འབྱོལ་ཁུལ་དང་རྨ་ཆུའི་འབབ་རྒྱུད་དུ་ཞིང་ལས་ས་ཁོངས་སྦགས་བཙོག་ཕྱོགས་བསྡུས་བཅོས་སྐྱོང་དཔེ་སྟོན་རྫོང་སྐོར་ཞིག་འཛུགས་སྐྲུན་བྱེད་དགོས། རྒྱལ་ཁབ་ཀྱི་ཞིང་ལས་ལྗང་མདོག་འཕེལ་རྒྱས་སྔོན་སྐྱོད་ཁུལ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་དགོས། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་དང་ཟས་རིགས་བདེ་འཇགས་ལྟ་སྐུལ་ལ་ཤུགས་བསྣན་ཏེ། ལྗང་མདོག་ཞིང་ལས་ཐོན་རྫས་དང་སྐྱེ་ལྡན་ཞིང་ལས་ཐོན་རྫས། ས་ཁམས་ཀྱི་རྟགས་མཚན་གྱི་ཞིང་ལས་ཐོན་རྫས་བཅས་འཕེལ་རྒྱས་སུ་གཏོང་དགོས། ཟས་སྤྱོད་ཞིང་ལས་ཐོན་རྫས་ཚད་ལོན་དཔང་རྟགས་ཀྱི་ཚོད་ལྟའི་ལམ་ལུགས་ལག་བསྟར་བྱས་ཏེ། རྒྱལ་ཁབ་ཀྱི་ཞིང་ལས་ཐོན་རྫས་སྤུས་ཚད་བདེ་འཇགས་རྫོང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། ཆུ་གནས་སྐྱེ་དངོས་ཐོན་ཁུངས་བདག་སྐྱོང་ལ་ཤུགས་སྣོན་པ་། འབྲི་ཆུ་གཙོ་གནད་ཡིན་པའི་ཉ་རིགས་འཛིན་པའི་སྲིད་ཇུས་ཁྲིམས་བསྟར་ནུས་པ་འཛུགས་སྐྲུན་ལ་སྐུལ་འདེད་དང་། ལོ་བཅུའི་ཀླུང་རྒྱ་བསྡམས་པའི་བཀའ་རྒྱ་དངོས་འབེབས་བྱེད་པར་ཁག་ཐེག་བྱེད་དགོས་པ་དང་། ཉ་པ་རྣམས་བཀོད་སྒྲིག་བྱེད་པའི་འགན་སྲུང་བྱ་བ་ལེགས་པོར་སྒྲུབ་དགོས། ཆུ་སྲི་ཞིང་ལས་དང་སྐྱ་འདེབས་ཞིང་ལས་གཉིས་འཕེལ་རྒྱས་གཏོང་དགོས། བྱེ་ཐང་ཅན་དང་རྡོ་སེག་ཅན། རི་ཞིང་གི་ས་གཤིས་ཤོར་བར་ཕྱོགས་བསྡུས་བཅོས་སྐྱོང་དང་། གཤིན་ས་སྦགས་བཙོག་འགོག་བཅོས། གཙོ་གནད་ས་ཁུལ་གྱི་ས་འོག་ཆུ་སྲུང་སྐྱོང་དང་ཚད་བརྒལ་སྔོག་འདོན་བཅོས་སྐྱོང་བཅས་ལ་སྐུལ་འདེད་གཏོང་དགོས། ཆུ་ལག་འབྲེལ་མཐུད་དང་ཞིང་སྡེའི་ཆུ་ལག་ཕྱོགས་བསྡུས་བཅོས་སྒྲིག་ལག་བསྟར་བྱས་ནས་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ལ་ཤུགས་སྣོན་དགོས། རྨོ་བསྐྱུར་ནགས་སྐྲུན་དང་རྩྭ་འདེབས་གྲུབ་འབྲས་སྲ་བརྟན་དུ་བཏང་ནས། སྲིད་ཇུས་འཐུས་ཚང་དང་གོ་རིམ་ལྡན་པར་སྐུལ་འདེད་གཏོང་དགོས། ནགས་དཔོན་ལམ་ལུགས་ལག་བསྟར་བྱེད་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་གཞི་རྒྱ་ཆེ་བའི་ས་ཁོངས་ལྗང་སྒྱུར་འགུལ་སྐྱོད་སྤེལ་དགོས། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་གཟེངས་བསྟོད་སྲིད་ཇུས་འཐུས་ཚང་དུ་བཏང་ནས། རྩྭ་ཐང་དུ་ཕྱུགས་འགོག་དང་འཚོ་རེས། རྩྭ་བསྙལ་བཅས་ཁྱོན་ཡོངས་ནས་སྤེལ་བ་དང་། རྩྭ་ཐང་གི་ཨ་དྲའི་གནོད་འཚེ་འགོག་བཅོས་ལ་ཤུགས་བསྣན་ནས། རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་བརྟན་བརླིང་ངང་སླར་གསོ་བྱེད་དགོས།
(བཅུ་གསུམ)དེང་རབས་ཞིང་ལས་ཀྱི་གཉེར་སྐྱོང་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ཁྱིམ་ཚང་གི་ཞིང་ར་དང་ཞིང་བའི་མཉམ་ལས་ཁང་གཉེར་སྐྱོང་གཙོ་གཞི་རིགས་གཉིས་དམིགས་སུ་བཀར་ནས་དམ་འཛིན་བཟང་པོ་བྱས་ཏེ། རྣམ་པ་སྣ་མང་ཅན་དང་གཞི་ཁྱོན་འོས་འཚམ་སྒོས་གཉེར་སྐྱོང་འཕེལ་རྒྱས་ལ་སྐུལ་ལྕག་གནང་དགོས། ཁྱིམ་ཚང་གི་ཞིང་ར་གསོ་སྐྱོང་འཆར་གཞི་ལག་བསྟར་བྱས་ནས་ཞིང་ལས་གཞི་ཁྱོན་ལྡན་པའི་གཉེར་སྐྱོང་དུད་ཚང་རྣམས་གསོན་ཤུགས་ལྡན་པའི་ཁྱིམ་ཚང་གི་ཞིང་རར་གསོ་སྐྱོང་བྱེད་དགོས། ཞིང་བའི་མཉམ་ལས་ཁང་གི་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་བ་དང་། འཁོར་རྒྱུག་ཚད་ལྡན་ཡིན་པའི་ཞིང་བའི་མཉམ་ལས་ཁང་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཞིང་ལས་ཆེད་ལས་ཅན་དང་སྤྱི་ཚོགས་ཅན་གྱི་ཞབས་ཞུ་རྩ་འཛུགས་འཕེལ་རྒྱས་དང་རྒྱ་བསྐྱེད་ནས་སྔོན་ཐོན་དང་སྤྱོད་གོ་ཆོད་པའི་ཐོན་རྫས་དང་རྒྱུ་ཆ། ལག་རྩལ། སྒྲིག་ཆས་བཅས་ཞིང་དུད་ཆུང་གྲས་སུ་སྐྱེལ་དགོས། ཚོང་རའི་གྲུབ་ཆ་གཙོ་བོ་ཡིས་ས་ཁོངས་རང་བཞིན་གྱི་ཞིང་ལས་ཐོན་ལས་ཕྲེང་འབྲེལ་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་འཛུགས་པར་རྒྱབ་སྐྱོར་བྱེད་དགོས། ཞིང་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་དག་གསར་གཏོད་འཕེལ་རྒྱས་དང་རྒྱ་ཆེ་ཞིང་སྟོབས་ལྡན་དུ་འགྱུར་བར་རྒྱབ་སྐྱོར་བྱེད་དགོས། མཁོ་འཚོང་མཉམ་ལས་ཁང་ཕྱོགས་བསྡུས་ཀྱིས་བཅོས་བསྒྱུར་ཟབ་སྤེལ་བཏང་ནས། ཐོན་སྐྱེད་དང་མཁོ་སྤྲོད། ཡིད་རྟོན་བཅས“གནས་གསུམ་གཞི་གཅིག”གི་ཕྱོགས་བསྡུས་མཉམ་ལས་ཚོད་ལྟ་བྱས་ཏེ། ཞིང་བའི་ཐོན་སྐྱེད་དང་འཚོ་བར་ཞབས་འདེགས་ཞུ་བའི་ཕྱོགས་བསྡུས་ལས་སྟེགས་འཐུས་ཚང་དུ་གཏོང་དགོས། བྱང་ཚད་མཐོ་བའི་ཞིང་བ་གསོ་སྐྱོང་བྱེད་པ་དང་། ནུས་རྩལ་གདེང་འཇོག་དང་སློབ་གཉེར་སློབ་གསོར་ཞུགས་རྒྱུར་རྩ་འཛུགས་བྱས་ཏེ། ཞིང་བར་ཆེད་དུ་དམིགས་པའི་ནུས་རྩལ་འགྲན་བསྡུར་སྤེལ་དགོས། གྲོང་ཁྱེར་གྱི་ཕྱོགས་སོ་སོའི་ཤེས་ལྡན་མི་སྣ་ཞིང་སྡེ་རུ་ལས་སྐྲུན་གསར་གཏོད་ལ་ཚུར་འགུག་བྱས་ཏེ་གྲོང་གསེབ་དར་སྤེལ་དང་ཞིང་ལས་དེང་རབས་ཅན་འཛུགས་སྐྲུན་ཁྲོད་འགུགས་དགོས།
བཞི། ཤུགས་ཆེན་པོས་ཞིང་སྡེ་འཛུགས་སྐྲུན་འགུལ་སྐྱོད་ལག་བསྟར་བྱེད་དགོས།
(བཅུ་བཞི)ཞིང་སྡེའི་འཆར་འགོད་ལས་དོན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་དགོས། 2021ལོར་རྫོང་རིམ་པའི་རྒྱལ་ཁོངས་འཆར་འགོད་སྒྲིག་གཞི་གཞི་རྩའི་ཆ་ནས་ལེགས་འགྲུབ་བྱས་ནས་ཞིང་སྡེའི་ཁྱབ་ཚུལ་རིགས་དབྱེ་ཡང་དག་བཟོ་དགོས། “འཆར་མང་གཅིག་སྒྲིལ”གྱི་བེད་སྤྱོད་རང་བཞིན་གྱི་ཞིང་སྡེའི་འཆར་འགོད་སྒྲིག་གཞི་ལ་གོ་རིམ་ལྡན་པའི་ངང་སྐུལ་སྤེལ་བྱས་ནས། ཆ་རྐྱེན་ལྡན་པ་དང་དགོས་མཁོ་ཡོད་པའི་ཞིང་སྡེའི་འཆར་འགོད་གང་མགྱོགས་ངང་ཡོངས་སུ་ཁྱབ་པར་བྱེད་དགོས། གནས་སྐབས་སུ་སྒྲིག་གཞིའི་འཆར་འགོད་བཟོས་མེད་པའི་ཞིང་སྡེ་དེ་རྫོང་དང་ཤང་རིམ་པའི་རྒྱལ་ཁོངས་འཆར་འགོད་ཁྲོད་གཏན་འཁེལ་བྱས་པའི་སྤྱོད་སྒོ་དོ་དམ་དང་འཛུགས་སྐྲུན་དོ་དམ་གྱི་བླང་བྱ་ལྟར་འཛུགས་སྐྲུན་བྱེད་དགོས། ཞིང་སྡེའི་སྒྲིག་གཞིའི་འཆར་འགོད་བཟོ་སྐབས་ད་ཡོད་ཀྱི་རྨང་གཞིར་རྐང་བཙུགས་ཏེ་ཞིང་སྡེའི་ཁྱད་ལྡན་རྣམ་པ་སོར་འཇོག་བྱེད་དགོས་པ་ལས་བཤིག་སྐྲུན་ཆེན་པོ་བྱེད་མི་རུང་། འཆར་འགོད་གཞིར་བཟུང་འཛུགས་སྐྲུན་ཁག་གོ་རིམ་ལྡན་པའི་ངང་སྤེལ་དགོས་པ་དང་། སྒྲིག་འགལ་ངང་གང་བྱུང་དུ་འཛུགས་སྐྲུན་བྱེད་རིགས་ལ་ཞིབ་བཤེར་ཐག་གཅོད་ནན་མོ་བྱེད་དགོས། ཞིང་བའི་སྡོད་ཁང་འཛུགས་སྐྲུན་གྱི་སྤུས་ཚད་བདེ་འཇགས་དང་། བཅའ་ཁྲིམས་ཁྲིམས་སྲོལ། ལྟ་སྐུལ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ལོ3གྱི་ནང་བདེ་འཇགས་མིན་པའི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྐྱོང་ལེགས་འགྲུབ་བྱེད་དགོས། འཛུགས་སྐྲུན་གྱི་ཚད་གཞི་ཚད་ལྡན་འཐུས་ཚང་དུ་གཏོང་བ་དང་། ཞིང་བའི་སྡོད་ཁང་གི་ཇུས་འགོད་ཆུ་ཚད་དང་འཛུགས་སྐྲུན་སྤུས་ཚད་མཐོ་རུ་གཏོང་དགོས། ཞིང་སྡེའི་ཉེན་ཡོད་སྡོད་ཁང་བསྒྱུར་བཀོད་དང་ས་ཡོམ་རིམ་པ་མཐོ་བའི་ས་ཁུལ་གྱི་ཞིང་བའི་སྡོད་ཁང་གི་ཡོམ་འགོག་བསྒྱུར་བཀོད་མུ་མཐུད་ལག་བསྟར་བྱེད་དགོས། ཞིང་སྡེའི་རྣམ་པ་ཁྲིད་སྟོན་བྱེད་པར་ཤུགས་བསྣན་ཏེེ། སྲོལ་རྒྱུན་གྱི་ཞིང་སྡེ་དང་ཡུལ་མིའི་སྡོད་གནས། སྲོལ་རྒྱུན་གྱི་ཡུལ་མི་དང་ལོ་རྒྱུས་རིག་གནས་ལྡན་པའི་ཞིང་སྡེ་གྲགས་ཅན་དང་གྲོང་རྡལ་གྲགས་ཅན་བཅས་སྲུང་སྐྱོང་བྱེད་དགོས། ཞིང་སྡེ་ས་ཁུལ་གྱི་ཤུལ་བཞག་རིག་གནས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། ཞིང་སྡེའི་འཛུགས་སྐྲུན་ནི་ཞིང་བའི་ཆེད་དུ་ཡིན་པས། ཡུལ་བབ་དང་བསྟུན་པ་དང་ཏན་ཏན་ཏིག་ཏིག་གིས་ལས་དོན་བསྒྲུབ་དགོས་པ་ལས་ཧོལ་རྒྱུག་གིས་ལས་འགུལ་སྤེལ་མི་རུང་། ལུགས་མཐུན་སྒོས་ཞིང་སྡེ་ཕྱིར་འཐེན་དང་ཟླ་སྒྲིལ་བྱེད་དགོས་པ་ལས། ཞིང་པའི་འདོད་མོས་དང་འགལ་ཏེ་བཙན་ཤེད་ཀྱིས་ཐོག་ཁང་དུ་སྤོ་རུ་མི་འཇུག་པར། བྱ་བ་བཟང་པོ་ལེགས་པོར་བསྒྲུབ་པ་དང་། དོན་དངོས་ལྟར་དངོས་སྒྲུབ་ལ་གཞོལ་དགོས།
(བཅོ་ལྔ)ཞིང་སྡེའི་སྤྱི་པའི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། སྤྱི་པའི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་གྱི་གཙོ་གནད་མུ་མཐུད་དུ་ཞིང་སྡེ་རུ་བཞག་ནས། སྡེ་བར་ཁྱབ་པ་དང་དུད་ཚང་ལ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། ཞིང་སྡེའི་གཞུང་ལམ་ཤར་བགྲོད་ལས་གཞི་ལག་བསྟར་བྱེད་དགོས། མི་འབོར་ཅུང་མང་ལ་གཞི་ཁྱོན་ཆེ་བའི་རང་བྱུང་སྡེ་བར(ཚོ་ཆུང)གོ་རིམ་ལྡན་པའི་སྒོ་ནས་ཨར་འདམ་གཞུང་ལམ་བསྐྲུན་དགོས། ཞིང་སྡེའི་ཐོན་ཁུངས་ལམ་དང་ཐོན་ལས་ལམ། ཡུལ་སྐོར་ལམ། སྡེ་བའི་ནང་གི་ལམ་ཆེན་བཅས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་ལས་གཞི་ཞིང་སྡེ་དང་དུད་ཚང་ལ་ཕྱོགས་པར་སྐུལ་འདེད་གཏོང་དགོས། མུ་མཐུད་དུ་ཀྲུང་དབྱང་གི་འཁོར་ཉོ་དཔྱ་ཁྲལ་གྱིས་ས་གནས་ཀྱི་མ་དངུལ་ལ་ཁ་གསབ་བྱེད་པ་དང་། སྣུམ་ཁྲལ་བཅོས་བསྒྱུར་གྱི་སྤོ་སྒྱུར་དངུལ་སྤྲོད། ས་གནས་སྲིད་གཞུང་གི་བུན་འཛིན་སོགས་ཀྱི་ཐབས་ལམ་བརྒྱུད་དེ། གཏན་འབེབས་ལྟར་ཞིང་སྡེའི་བགྲོད་ལམ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་དགོས། མུ་མཐུད་དུ“བཞི་ལེགས་ཞིང་སྡེའི་གཞུང་ལམ”དཔེ་སྟོན་འཛུགས་སྐྲུན་བྱེད་དགོས། ཁྱོན་ཡོངས་ནས་བགྲོད་ལམ་འགན་འཁྲི་ལམ་ལུགས་ལག་བསྟར་བྱེད་དགོས། གྲོང་ཁྱེར་དང་ཞིང་སྡེའི་འགྲིམ་འགྲུལ་གཅིག་དྲིལ་ཅན་གྱི་དཔེ་སྟོན་གསར་འཛུགས་ཀྱི་ལས་དོན་སྤེལ་དགོས། ཞིང་སྡེའི་བགྲོད་ལམ་དང་ཟམ་པའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དོ་དམ་དང་གསོ་སྐྱོང་བྱེད་པའི་འགན་འཁྲི་གཙོ་བོ་དོན་འཁྱོལ་བྱེད་དགོས། ཞིང་སྡེའི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཞིང་སྡེའི་ཆུ་འདོན་འགན་སྲུང་བཟོ་སྐྲུན་ལག་བསྟར་བྱེད་དགོས། ཆུ་མཛོད་ཆུང་འབྲིང་སོགས་ཀྱི་ཆུ་ཁུངས་གཏན་འཇགས་བཟོ་སྐྲུན་འཛུགས་སྐྲུན་དང་ཆུ་ཁུངས་སྲུང་སྐྱོང་ལ་ཤུགས་སྣོན་པ་དང་། གཞི་ཁྱོན་ཅན་གྱི་ཆུ་འདོན་ལས་གཞི་འཛུགས་སྐྲུན་དང་བཟོ་སྐྲུན་ཆུང་གྲས་ཚད་གཞི་ཅན་གྱི་བསྒྱུར་བཀོད་ལག་བསྟར་བྱེད་དགོས་ལ། ཆ་རྐྱེན་འཛོམས་པའི་ས་ཁུལ་གྱིས་གྲོང་ཁྱེར་དང་ཞིང་སྡེའི་ཆུ་འདོན་གཅིག་དྲིལ་ཅན་ལ་སྐུལ་འདེད་བཏང་སྟེ། 2025ལོར་བསླེབ་དུས་ཞིང་སྡེ་རུ་རང་འབབ་ཆུ་ཁྱབ་གདལ་གཏོང་ཚད88%ལ་སླེབས་པར་བྱེད་དགོས། ཞིང་སྡེའི་ཆུ་རིན་དང་ཆུ་རིན་ལམ་སྲོལ་དང་ལས་གཞིའི་ཡུན་ཕན་གཉེར་སྐྱོང་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ཞིང་སྡེའི་ནུས་ཁུངས་གཙང་མའི་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱེད་དགོས། ཞིང་སྡེའི་གློག་དྲ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་སྡེའི་གློག་ཤུགས་འགན་སྲུང་ཆུ་ཚད་ཁྱོན་ཡོངས་ནས་སྲ་བརྟན་དང་མཐོ་རུ་གཏོང་དགོས། སོལ་རླངས་གྲོང་གསེབ་དུ་སྐྱེལ་བར་སྐུལ་འདེད་བཏང་ནས་བདེ་འཇགས་དང་བློས་འགེལ་ཆོག་པའི་ཞིང་སྡེའི་སོལ་གསོག་དོང་ལམ་ས་ཚིགས་དང་དོང་ལམ་དྲ་བ་ཆུང་གྲས་ཀྱི་རང་བྱུང་སོལ་རླངས་མཁོ་འདོན་མ་ལག་འཛུགས་རྒྱུར་རྒྱབ་སྐྱོར་བྱེད་དགོས། ཞིང་སྡེའི་སྐྱེ་དངོས་ནུས་པའི་འབྱུང་ཁུངས་འཕེལ་རྒྱས་སུ་གཏོང་དགོས། རྡོ་སོལ་བཙོག་མེད་ཅན་དུ་བེད་སྤྱོད་པར་ཤུགས་སྣོན་དགོས། གྲངས་གཞིའི་ཞིང་སྡེ་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་བའི་ལས་གཞི་ལག་བསྟར་བྱེད་དགོས། ཞིང་སྡེའི་སྟོང་ཀྲའོ་འོད་དྲ་དང་སྤོ་སྒུལ་འཕྲིན་གཏོང་རབས་ལྔ་པ(5G)། སྤོ་སྒུལ་དངོས་འབྲེལ་དྲ་རྒྱ་བཅས་གྲོང་ཁྱེར་དང་མཉམ་དུ་འཆར་འགོད་བྱེད་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། གློག་འཕྲིན་གྱི་ཡོངས་ཁྱབ་ཞབས་ཞུའི་ཁ་གསབ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཞིང་སྡེ་དང་རི་ལུང་ས་ཁུལ་གྱི་ཆ་འཕྲིན་འཕྲིན་གཏོང་གི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་དགོས། ཞིང་ལས་དང་ཞིང་སྡེའི་རྒྱང་བསྟེན་འཁོར་སྐར་སོགས་མཁའ་དབྱིངས་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། རིག་ནུས་ཞིང་ལས་འཕེལ་རྒྱས་གཏོང་བ་དང་། ཞིང་ལས་དང་ཞིང་སྡེའི་གཞི་གྲངས་ཆེན་མོའི་མ་ལག་འཛུགས་སྐྲུན། ཆ་འཕྲིན་ལག་རྩལ་རབས་གསར་བ་དང་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས། ཞིང་ལས་ཀྱི་གནམ་གཤིས་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་དྲ་བ་འཐུས་ཚང་དུ་གཏོང་བ་དང་། ཞིང་ལས་ཀྱི་གནམ་གཤིས་གནོད་འཚེ་འགོག་ཟོན་བྱེད་ནུས་ཆེ་རུ་གཏོང་དགོས། ཞིང་སྡེའི་སྤྱི་པའི་ཞབས་ཞུ་དང་སྤྱི་ཚོགས་བཅོས་སྐྱོང་སོགས་གྲངས་འཛིན་ཅན་དང་རིག་ནུས་ཅན་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། གྲོང་ཚོ་རིམ་པའི་ཕྱོགས་བསྡུས་ཞབས་ཞུའི་སྒྲིག་ཆས་རིམ་སྤོར་ལས་གཞི་ལག་བསྟར་བྱེད་དགོས། གྲོང་ཚོ་རིམ་པའི་འགྲུལ་སྐྱེལ་ས་ཚིགས་དང་རིག་གནས་ལུས་རྩལ། སྤྱི་སྤྱོད་གློག་སྒྲོན་སོགས་ཞབས་ཞུའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་དགོས།
(བཅུ་དྲུག) ཞིང་སྡེའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་བྱེད་ཚད་མཐོ་རུ་གཏོང་བའི་ལོ་ལྔའི་འགུལ་སྐྱོད་ལག་བསྟར་བྱེད་པ། རིགས་དབྱེ་དང་གོ་རིམ་ལྡན་པའི་སྒོ་ནས་ཞིང་སྡེའི་གསང་སྤྱོད་གསར་བརྗེར་སྐུལ་འདེད་གཏོང་བ་དང་། ཐན་པ་དང་གྲང་ངར་ཆེ་བའི་ས་ཁུལ་གྱི་འཕྲོད་བསྟེན་གསང་སྤྱོད་བེད་སྤྱོད་བྱེད་པའི་ལག་རྩལ་དང་ཐོན་རྫས་ཞིབ་འཇུག་གསར་སྤེལ་བྱེད་པ་ཇེ་མགྱོགས་སུ་གཏོང་དགོས། དབུས་ནུབ་རྒྱུད་ཀྱི་ཞིང་སྡེའི་དུད་ཚང་གི་གསང་སྤྱོད་བསྒྱུར་བཀོད་ལ་ཤུགས་སྣོན་དགོས། ཞིང་སྡེའི་གསང་སྤྱོད་བསྒྱུར་བཀོད་དང་བཙོག་ཆུ། དྲི་ངན་བཙོག་ཆུ་བཅོས་སྒྲིག་བྱེད་པ་བཅས་སྤྱི་འདོམས་བྱས་ཏེ་ཡུལ་བབ་དང་བསྟུན་ནས་བཙོག་ཆུ་གཙང་སེལ་གྱི་སྒྲིག་ཆས་འཛུགས་སྐྲུན་བྱེད་དགོས། ཞིང་སྡེའི་འཚོ་བའི་གད་སྙིགས་བསྡུ་སྐྱེལ་དང་གཙང་སེལ་མ་ལག་འཐུས་ཚང་དང་། འབྱུང་རྩ་ནས་རིགས་དབྱེ་ཉུང་གཏོང་དང་ཐོན་ཁུངས་ཅན་གཙང་སེལ་དང་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ། སྐྱེ་ལྡན་གད་སྙིགས་ཕྱོགས་བསྡུས་གཙང་བཅོས་དང་བེད་སྤྱོད་སྒྲིག་བཀོད་ཁག་ཅིག་འཛུགས་སྐྲུན་བྱེད་དགོས། ཞིང་སྡེའི་འཚོ་སྡོད་ཁོར་ཡུག་སྒྲིག་ཆས་ལ་དོ་དམ་སྲུང་སྐྱོང་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ཆ་རྐྱེན་འཛོམས་པའི་ས་ཁུལ་དུ་གྲོང་ཁྱེར་དང་ཞིང་སྡེའི་ཁོར་ཡུག་འཕྲོད་བསྟེན་གཅིག་དྲིལ་ཅན་གྱི་ཕྱོགས་གསུམ་པའི་བཅོས་སྐྱོང་ཁྱབ་གདལ་གཏོང་དགོས། ཞིང་སྡེའི་གཙང་སྤྲ་དང་སྔོ་ལྗང་འགུལ་སྐྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། ལྟ་ན་སྡུག་པའི་བདེ་སྡོད་གྲོང་ཚོ་དང་མཛེས་སྡུག་ལྡན་པའི་སྒོ་རའི་དཔེ་སྟོན་གསར་སྐྲུན་བྱེད་སྒོ་སྤེལ་དགོས།
(བཅུ་བདུན) ཞིང་སྡེའི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་ཇེ་མཐོ་རུ་གཏོང་བ། གྲོང་ཁྱེར་དང་ཞིང་སྡེའི་སྤྱི་པའི་ཐོན་ཁུངས་དོ་མཉམ་བཀོད་སྒྲིག་ལམ་སྲོལ་འཛུགས་པ་དང་ཞིང་སྡེའི་གཞི་རྩའི་སྤྱི་པའི་ཞབས་ཞུ་མཁོ་སྤྲོད་རྫོང་དང་། ཤང་། སྡེ་བ་བཅས་ལ་སྤྱི་འདོམས་བྱེད་པར་ཤུགས་བསྣན་ཏེ་རིམ་བཞིན་ཚད་གཞི་གཅིག་གྱུར་དང་ལམ་ལུགས་ཟླ་སྒྲིལ་གཏོང་ཐུབ་པ་བྱེད་དགོས། ཞིང་སྡེའི་སློབ་གསོའི་སྤུས་ཚད་མཐོ་རུ་བཏང་ནས་ཐབས་ལམ་མང་པོར་བརྟེན་ནས་ཞིང་སྡེའི་ཀུན་ཕན་རང་བཞིན་གྱི་སློབ་ཞུགས་སྔོན་གྱི་སློབ་གསོའི་ཐོན་ཁུངས་མཁོ་སྤྲོད་ཇེ་མང་ལེགས་པོར་བསྒྲུབ་པ་བཅས་བྱས་ཏེ། རྫོང་མཁར་དང་ལྟེ་བའི་གྲོང་རྡལ་དུ་མཐོ་རིམ་སློབ་འབྲིང་དང་འབྲིང་རིམ་ལས་རིགས་སློབ་གྲྭ་ཁག་གཅིག་གསར་སྐྲུན་དང་རྒྱས་སྐྲུན་བྱེད་དགོས། ཞིང་སྡེའི་དམིགས་བསལ་སློབ་གསོའི་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། རྫོང་ཁོངས་ཀྱི་འོས་འགན་སློབ་གསོའི་སློབ་གྲྭའི་སློབ་གཙོ་དང་དགེ་རྒན་གྱི་ལས་གནས་བརྗེ་རེས་བྱེད་པར་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་ཞིང་སྡེའི་སློབ་གྲྭའི་ཐུན་མོང་སྒྲིག་གཞི་འཛུགས་པར་རྒྱབ་སྐྱོར་བྱེད་དགོས། ཞིང་བའི་ལས་ཞུགས་ལས་སྐྲུན་གྱི་དགོས་མཁོར་དམིགས་ནས་ལས་རིགས་ལག་རྩལ་སློབ་གསོ་དང་ནུས་རྩལ་གསོ་སྦྱོང་འཕེལ་རྒྱས་བཏང་ནས་ཐོན་ལས་དང་སློབ་གསོ་མཉམ་འདྲེས་ཀྱི་རྟེན་གཞི་ཁག་གཅིག་འཛུགས་སྐྲུན་བྱེད་དགོས། ཞིང་ཕྱུགས་ལས་ཐོན་སྐྱེད་སློབ་གསོ་སྤེལ་དགོས། ཞིང་སྡེ་ལ་ཁ་ཕྱོགས་པའི་དྲ་རྒྱའི་སློབ་གསོ་མགྱོགས་མྱུར་སྒོས་འཕེལ་རྒྱས་གཏོང་དགོས། ཞིང་འབྲེལ་མཐོ་རིམ་སློབ་གྲྭ་དང་། ཞིང་འབྲེལ་ལས་རིགས་སློབ་ཆེན། ཞིང་འབྲེལ་རིག་གཞུང་ཚན་ཁག་གི་ཆེད་ལས་བཅས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། བདེ་ཐང་ཞིང་སྡེའི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་ཞིང་སྡེའི་འཕྲོད་བསྟེན་ཁང་ཚད་ལྡན་ཅན་འཛུགས་སྐྲུན་དང་བདེ་ཐང་དོ་དམ་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། ཞིང་སྡེའི་སྨན་པ་ལས་གཉེར(ལས་རོགས)སྨན་པའི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བཏང་ནས། བཅའ་སྡོད་དང་སྐོར་སྐྱོད་སྨན་བཅོས་སོགས་ཀྱི་བྱེད་ཐབས་སྤྱད་དེ་གཞི་རིམ་གྱི་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས། ཤང་གྲོང་འཕྲོད་བསྟེན་ཁང་གི་སྨན་བཅོས་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ནས་ལྟེ་བའི་འཕྲོད་བསྟེན་ཁང་ཁག་གཅིག་འདེམ་སྐྲུན་བྱེད་དགོས། རྫོང་རིམ་པའི་སྨན་ཁང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས། རྫོང་རིམ་པའི་ནད་ཡམས་སྔོན་འགོག་ཚོད་འཛིན་སྒྲིག་གཞིས་རིམས་ནད་ཚབས་ཆེན་དང་ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ལ་ཁ་གཏད་པའི་ནུས་པ་མུ་མཐུད་ཆེ་རུ་གཏོང་དགོས། རྫོང་ཁོངས་ཀྱི་ཚགས་དམ་ཅན་གྱི་སྨན་བཅོས་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས། སྨན་བཅོས་འགན་བཅོལ་བསྡོམས་འབོར་གྱི་སྔོན་རྩིས་དོ་དམ་ལག་བསྟར་བྱེད་དགོས། བུད་མེད་དང་བྱིས་པ། རྒན་པ། དབང་བོ་སྐྱོན་ཅན་སོགས་མི་ཚོགས་གཙོ་བོའི་བདེ་ཐང་གི་ཞབས་ཞུར་ཤུགས་སྣོན་དགོས། གྲོང་ཁྱེར་དང་ཞིང་སྡེའི་གཅིག་གྱུར་འཆར་འགོད་བྱེད་པའི་ལས་ཞུགས་སྲིད་ཇུས་དང་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་ནས་སྤྱི་པའི་ལས་ཞུགས་ཞབས་ཞུའི་སྒྲིག་གཞི་ཞིང་སྡེར་སྣུར་སྲིང་བྱེད་པར་སྐུལ་འདེད་གཏོང་བ་དང་། མི་རབས་གསར་པའི་ཞོར་ལས་པའི་ལས་རིགས་ལག་རྩལ་མཐོ་རུ་གཏོང་བའི་འཆར་གཞི་ལག་བསྟར་གཏིང་ཟབ་ཏུ་གཏོང་དགོས། ཤང་གྲོང་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་གཅིག་གྱུར་འཐུས་ཚང་དུ་གཏོང་བ་དང་། སྲིད་གཞུང་གི་ཁ་གསབ་ཚད་གཞི་དང་མི་སྒེར་གྱི་དངུལ་སྤྲོད་ཚད་གཞི་ལུགས་མཐུན་ངང་མཐོ་རུ་བཏང་ནས། ནད་གཞི་ཚབས་ཆེན་གྱི་སྨན་བཅོས་འགན་བཅོལ་དང་རོགས་སྐྱོབ་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། ཤང་གྲོང་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོའི་འགན་བཅོལ་ཐོབ་ཐང་གཏན་འཁེལ་དང་རྒྱུན་ལྡན་ལེགས་སྒྲིག་བྱེད་པའི་རྐྱེན་སྲོལ་དོན་འཁྱོལ་བྱེད་པ། ཤང་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་ལམ་ལུགས་སྤྱི་འདོམས་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་ནས་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་བདག་སྐྱོང་ཞབས་ཞུའི་སྤུས་ཚད་རིམ་བཞིན་མཐོ་རུ་གཏོང་དགོས། ཞིང་སྡེའི་གཞིས་སྲུང་བྱིས་པ་དང་། བུད་མེད། རྒན་རྒོན་བཅས་དང་དེ་བཞིན་དཀའ་ངལ་ཡོད་པའི་བྱིས་པར་གཅེས་སྐྱོང་དང་ཞབས་ཞུ་སྒྲུབ་ཤུགས་ཆེ་རུ་གཏོང་དགོས། རྫོང་དང་། ཤང་། གྲོང་ཚོ་བཅས་འབྲེལ་མཐུད་བྱེད་པའི་རིམ་གསུམ་རྒན་གསོའི་ཞབས་ཞུའི་དྲ་རྒྱ་འཐུས་ཚང་དུ་བཏང་ནས་ཞིང་སྡེ་རིམ་པའི་བདེ་སྐྱིད་ཁང་དང་ཉིན་མོའི་བདག་སྐྱོང་ལྟེ་གནས་སོགས་ཀྱི་རྒན་གསོའི་ཞབས་ཞུའི་སྒྲིག་ཆས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཞིང་སྡེའི་ཀུན་ཕན་རྣམ་པའི་རྒན་གསོའི་ཞབས་ཞུ་དང་རོགས་རེས་རང་བཞིན་གྱི་རྒན་གསོ་འཕེལ་རྒྱས་སུ་གཏོང་དགོས། ཞིང་སྡེའི་སྤྱི་ཕན་རང་བཞིན་གྱི་དུར་སྦས་སྒྲིག་ཆས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ཤང་གྲོང་གི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་གཞི་གཅིག་དྲིལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། རིག་གནས་དམངས་ཕན་ལས་གཞི་གསར་གཏོད་དང་ལག་བསྟར་བྱེད་དགོས།
(བཅོ་བརྒྱད) ཞིང་སྡེའི་འཛད་སྤྱོད་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས། རྫོང་དང་ཤང་། སྡེ་བ་བཅས་རིམ་པ་གསུམ་གྱི་ཞིང་སྡེའི་ཟོག་འགྲེམ་མ་ལག་མགྱོགས་མྱུར་གྱིས་འཐུས་ཚང་དུ་བཏང་ནས་ཞིང་སྡེའི་སྦྲག་བསྐུར་ཟོག་འགྲེམ་བསྒྱུར་བཀོད་རིམ་སྤོར་དང་། གློག་རྡུལ་ཚོང་དོན་ཞིང་སྡེར་བསྐྱོད་པ་དང་ཞིང་ལས་ཐོན་རྫས་ཞིང་སྡེ་ནས་གྲོང་ཁྱེར་ལ་འདྲེན་པར་གཏིང་ཟབ་སྒོས་སྐུལ་འདེད་དང་། ཤང་གྲོང་ཐོན་སྐྱེད་དང་འཛད་སྤྱོད་ནུས་ལྡན་སྒོས་འབྲེལ་མཐུད་བྱེད་པར་སྐུལ་འདེད་གཏོང་དགོས། ཞིང་སྡེའི་སྡོད་དམངས་ཀྱི་སྤྱོད་ཡུན་ཆེ་བའི་འཛད་སྤྱོད་དངོས་རྫས་གསར་བཅོས་རབས་བརྗེ་བྱེད་པར་སྐུལ་འདེད་གཏོང་དགོས། ཞིང་ལས་ཐོན་རྫས་འཁྱགས་ཉར་ཟོག་འགྲེམ་སྒྲིག་ཆས་ཀྱི་འཛུགས་སྐྲུན་བཟོ་སྐྲུན་ལག་བསྟར་ཇེ་མགྱོགས་སུ་གཏོང་བ་དང་། འཁྱགས་ཉར་སྒྲིག་ཆས་ཆུང་གྲས་དང་། ཐོན་ཡུལ་གྱི་དྲོད་ཚད་དམའ་བའི་ཐད་ཚོང་སྡེབ་སྐྱེལ་ལྟེ་གནས། རྒྱལ་ཁབ་ཀྱི་རྐང་འཛིན་འཁྱགས་ཉར་ཟོག་འགྲེམ་རྟེན་གཞི་བཅས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། ཞིང་སྡེའི་འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། དྲ་སྟེང་དང་དྲ་ཕྱི་ཟུང་འབྲེལ་བྱེད་པའི་ཞབས་ཞུའི་དྲ་ཚིགས་འཕེལ་རྒྱས་སུ་བཏང་ནས། སྟབས་བདེ་ཅན་དང་ཞིབ་ཚགས་ཅན། སྤུས་ལེགས་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཞིང་སྡེའི་སྡོད་དམངས་འཛད་སྤྱོད་རིམ་སྤོར་གྱི་དགོས་མཁོ་སྐོང་བ་བཅས་བྱས་ནས་གྲོང་ཁྱེར་གྱི་སྡོད་དམངས་གཞི་རིམ་དུ་འཛད་སྤྱོད་བྱེད་པར་འགུག་དགོས།
(བཅུ་དགུ)རྫོང་ཁོངས་ནང་ཁུལ་གྱི་ཤང་གྲོང་གི་མཉམ་འདྲེས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་དགོས། མི་གཙོ་བོར་འཛིན་པའི་གྲོང་རྡལ་ཅན་གསར་བར་སྐུལ་འདེད་བཏང་སྟེ། གྲོང་ཁྱེར་ཆེ་འབྲིང་ཆུང་གསུམ་དང་གྲོང་རྡལ་ཆུང་ངུའི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རྫོང་ཁོངས་དེ་ཤང་གྲོང་མཉམ་འདྲེས་འཕེལ་རྒྱས་སུ་གཏོང་བའི་མགོ་རྩོམ་ས་གལ་ཆེན་དུ་བརྩིས་ནས། སྤྱི་འདོམས་འཆར་འགོད་དང་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་བྱེད་པ་དང་། ཤང་གྲོང་ཁ་བྲལ་ལམ་ལུགས་མེད་པར་བཟོས་ཏེ། ཤང་གྲོང་གི་རྒྱུ་རྐྱེན་འདྲ་མཉམ་ངང་བརྗེ་རེས་བྱེད་པ་དང་ཕྱོགས་གཉིས་འཁོར་རྒྱུག་གི་ལམ་ལུགས་རང་བཞིན་གྱི་བགྲོད་ལམ་ཤར་གཏོང་ཇེ་མགྱོགས་སུ་གཏོང་དགོས། རྫོང་ཁོངས་ཐོན་ལས་དང་རྨང་གཞི་སྒྲིག་ཆས། སྤྱི་པའི་ཞབས་ཞུ། གཞི་རྩིའི་ཞིང་ས། སྐྱེ་ཁམས་སྲུང་སྐྱོང་། མཁར་གྲོང་གསར་སྤེལ། ཞིང་སྡེ་ཁྱབ་ཚུལ་སོགས་ཀྱི་བར་སྟོང་གི་སྒྲིག་བཀོད་སྤྱི་འདོམས་བྱས་ཏེ། རྫོང་ཁོངས་ཀྱི་ཕྱོགས་བསྡུས་ཞབས་ཞུ་ནུས་ཤུགས་ལ་ཤུགས་སྣོན་དང་། ཤང་གྲོང་དེ་ཞིང་བར་ཞབས་ཞུ་སྒྲུབ་པའི་ས་ཁོངས་ཀྱི་ལྟེ་གནས་སུ་འཛུགས་སྐྲུན་བྱ་རྒྱུ་དང་། རྫོང་དང་ཤང་། སྡེ་བ་བཅས་ཀྱི་བྱེད་ནུས་འབྲེལ་མཐུད་དང་ཕན་ཚུན་ཁ་གསབ་མངོན་འགྱུར་བྱ་དགོས། རྫོང་ཁོངས་ཀྱི་དཔལ་འབྱོར་ཆེ་རུ་བཏང་ནས། འཕྲོད་བསྟུན་ཐོན་ལས་ཀྱི་སྤོ་སྒྱུར་དང་ལེན་བྱེད་པ་དང་། སྲོག་ཤིང་ཐོན་ལས་གསོ་སྐྱོང་བྱེད་དགོས། གྲོང་རྡལ་ཆུང་ངུའི་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་སྟེ། རྨང་གཞི་སྒྲིག་ཆས་དང་སྤྱི་པའི་ཞབས་ཞུ་འཐུས་ཚང་དུ་གཏོང་བ་དང་། གྲོང་རྡལ་ཆུང་ངུ་གྲོང་ཁྱེར་ལ་འབྲེལ་མཐུད་དང་ཞིང་སྡེར་ཞབས་ཞུ་སྒྲུབ་པའི་ཕན་ནུས་འདོན་སྤེལ་བྱེད་དགོས། རྫོང་མཁར་གཙོ་བྱས་པའི་གྲོང་རྡལ་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། ཆ་རྐྱེན་ཡོད་པའི་ས་ཁུལ་གྱིས་གྲོང་ཁྱེར་ཆུང་ངུའི་ཚད་གཞི་ལྟར་རྫོང་མཁར་འཛུགས་སྐྲུན་བྱེད་དགོས། དབང་ཆ་རྒྱ་བསྐྱེད་པའི་གྲོང་རྡལ་སྟོབས་ཆེན་ལ་སྒྱུར་བར་ཧུར་ཐག་གིས་སྐུལ་འདེད་བཏང་སྟེ། གྲོང་རྡལ་གཙོ་བོ་སྐོར་ཞིག་འཆར་འགོད་འཛུགས་སྐྲུན་བྱེད་དགོས། ཞིང་སྡེའི་ཁོངས་ཡོངས་ས་གཞི་ཕྱོགས་བསྡུས་བཅོས་སྒྲིག་ཚོད་ལྟའི་ལས་དོན་སྤེལ་དགོས། རྫོང་ཁོངས་སུ་ལས་ཞུགས་བྱས་པའི་ཞོར་ལས་པ་ས་གནས་དེའི་གྲོང་མིར་བསྒྱུར་སྟེ། གྲོང་ཁྱེར་དུ་ཡོང་བའི་ཞིང་བའི་དགོས་ངེས་ཀྱི་སྡོད་ཁང་མཁོ་འདོན་ཇེ་མང་དུ་གཏོང་དགོས། ས་གནས་ཀྱིས་ཕྱིར་རང་ཡུལ་དུ་ལོག་པའི་ལས་སྐྲུན་གླིང་དང་གསོ་སྐྱོང་རྟེན་གཞི་འཛུགས་སྐྲུན་བྱེད་པར་སྐུལ་སློང་བྱེད་དགོས།
(ཉི་ཤུ)ཞིང་ལས་དང་ཞིང་སྡེ་དམིགས་བསལ་འཕེལ་རྒྱས་སུ་གཏོང་བའི་དངུལ་གཏོང་འགན་སྲུང་ལ་ཤུགས་སྣོན་དགོས། ཞིང་ལས་ཞིང་སྡེ་དེ་སྤྱིར་བཏང་སྔོན་རྩིས་དམིགས་བསལ་དུ་འགན་སྲུང་བྱེད་པའི་ཁྱབ་ཁོངས་སུ་མུ་མཐུད་དུ་བཞག་སྟེ། ཀྲུང་དབྱང་སྔོན་རྩིས་ཁྲོད་ཀྱི་དངུལ་གཏོང་སྔར་ལས་ལྷག་པར་ཞིང་ལས་དང་ཞིང་སྡེར་ཁ་ཕྱོགས་དགོས། ས་ཞིང་ནང་བཤུག་གཏོང་བར་ཡོང་སྒོ་ཇེ་མཐོར་བཏང་སྟེ་ཞིང་ལས་ཞིང་སྡེ་བསྡུར་ཚད་ཀྱི་དཔྱད་ཞིབ་བྱེད་ཐབས་བཟོས་ནས་དངོས་འབེབས་བྱས་པ་བརྒྱུད། གཏན་ཁེལ་ལྟར་ཞིང་ལས་ཞིང་སྡེ་ཐད་སྤྱོད་པའི་བསྡུར་ཚད་ཇེ་མཐོར་གཏོང་བར་ཁག་ཐེག་བྱེད་དགོས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཞིང་འབྲེལ་མ་དངུལ་གྱི་གཅིག་གྱུར་གྲབས་གསོག་ཡུན་ཕན་ལམ་ལུགས་སྔར་ལས་འཐུས་ཚང་དུ་བཏང་སྟེ། ས་གནས་སྲིད་གཞུང་གིས་སྤྱིར་བཏང་གི་བུན་འཛིན་དང་ཆེད་དོན་བུན་འཛིན་འགྲེམ་སྤེལ་བྱས་ཏེ་དེང་རབས་ཞིང་ལས་སྒྲིག་ཆས་འཛུགས་སྐྲུན་དང་ཞིང་སྡེའི་འཛུགས་སྐྲུན་བྱེད་པའི་འགུལ་སྐྱོད་ལ་རྒྱབ་སྐྱོར་བྱེད་དགོས། བཀོལ་སྤྱོད་མཛུབ་སྟོན་གཏན་འབེབས་བྱས་ཏེ། སྤུས་ཚད་མཐོ་བའི་ལས་གཞི་གསོག་ཉར་ལས་དོན་ལེགས་པོར་སྒྲུབ་དགོས། ནོར་སྲིད་དངུལ་གཏོང་གི་སྣེ་ཁྲིད་ནུས་ཤུགས་འདོན་སྤེལ་བྱས་ཏེ། ཚོང་ར་ཅན་གྱི་རྣམ་པས་གྲོང་གསེབ་དར་སྤེལ་ཐེབས་རྩ་འཛུགས་པར་རྒྱབ་སྐྱོར་བྱེད་པ་དང་། དངུལ་རྩའི་མ་རྩ་དང་སྤྱི་ཚོགས་ནུས་ཤུགས་དེའི་ཁྲོད་ཞུགས་པར་སྐུལ་འདེད་བཏང་སྟེ། ཞིང་སྡེའི་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་གཙོ་གནད་དུ་རྒྱབ་སྐྱོར་བྱེད་དགོས། ཞིང་བར་ཞབས་ཞུ་སྒྲུབ་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་ཞིང་སྡེའི་དངུལ་རྩའི་བཅོས་བསྒྱུར་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་དགོས། ཞིང་ལས་དང་ཁེ་ལས་ཆུང་ངུར་རྒྱབ་སྐྱོར་བྱེད་པར་ཡང་བསྐྱར་དངུལ་བུན་གཏོང་བ་དང་མ་དངུལ་ཁ་གསབ་བྱེད་པའི་སྲིད་ཇུས་སྤྱད་དེ་གཟིགས་སྐྱོང་ཆེ་ཤོས་ཀྱི་གསོག་དངུལ་གྲ་སྒྲིག་སྐྱེད་ཚད་ལག་བསྟར་བྱས་པར་བརྟེན་ནས། ལས་ཁུངས་ཀྱི་ཁྲིམས་བཀོད་མི་སྣ་རྫོང་ཁོངས་སུ་ཡོད་པ་དང་ལས་སྒོ་རྫོང་ཁོངས་སུ་ཡོད་པའི་དངུལ་རྩའི་ལས་ཁུངས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེུ་རུ་བཏང་སྟེ། ཞིང་སྡེའི་དངུལ་རྩའི་ལས་ཁུངས་འབྱུང་གཞིར་ཕྱིར་ལོག་པར་སྐུལ་འདེད་གཏོང་དགོས། དངུལ་ཁང་ལས་རིགས་དང་དངུལ་རྩའི་ལས་ཁུངས་ཀྱིས་གྲོང་གསེབ་དར་སྤེལ་ལ་ཞབས་ཞུ་སྒྲུབ་པའི་ནང་སྐྲུན་ལས་ཁུངས་འཛུགས་སྐྲུན་བྱེད་པར་སྐུལ་མ་གཏོང་དགོས། ས་གནས་སྲིད་གཞུང་གི་ལྟ་སྐུལ་དོ་དམ་དང་ཉེན་ཁའི་ཐག་གཅོད་འགན་འཁྲི་ཇེ་གསལ་དུ་བཏང་ནས། ཞིང་བའི་མཉམ་ལས་ཁང་གི་ནང་ཁུལ་གྱི་ཡིད་རྟོན་མཉམ་ལས་ཚོད་ལྟའི་བྱ་བ་བརྟན་བརླིང་ཚད་ལྡན་དུ་སྤེལ་དགོས། ཞིང་སྡེའི་ཡིད་རྟོན་མཉམ་ལས་ཁང་སོགས་རྫོང་ཁོངས་ཞིང་སྡེའི་དངུལ་རྩའི་ལས་ཁུངས་ཀྱི་ཁྲིམས་བཀོད་མི་སྣའི་གོ་གནས་དང་གྲངས་ཚད་སྤྱིའི་ཆ་ནས་བརྟན་བརླིང་ཡིན་པ་རྒྱུན་འཁྱོངས་བྱས་ཏེ། ལྟ་སྐུལ་དོ་དམ་དང་ཉེན་ཁ་སེལ་བ། བཅོས་བསྒྱུར་གཏིང་ཟབ་བཅས་ཀྱི་བྱ་བ་ལེགས་པོར་སྒྲུབ་དགོས། ཞིང་འབྲེལ་དངུལ་རྩའི་ལས་ཁུངས་ཀྱི་བཅོས་སྐྱོང་སྒྲིག་གཞི་དང་ནང་ཁུལ་ཚོད་འཛིན་ལམ་ལུགས་འཐུས་ཚང་དུ་བཏང་ནས་དངུལ་རྩའི་ལྟ་སྐུལ་སྡེ་ཁག་གི་ལྟ་སྐུལ་དོ་དམ་འགན་འཁྲི་ལ་ཤུགས་སྣོན་དགོས། གྲོང་ཁྱེར་དང་རྫོང་གིས་མངའ་ཁོངས་ནང་མཉམ་སྤྱོད་བྱེད་པའི་ཞིང་འབྲེལ་ཡིད་རྟོན་ཆ་འཕྲིན་གཞི་གྲངས་མཛོད་འཛུགས་པར་རྒྱབ་སྐྱོར་བྱས་པ་བརྒྱུད། ལོ3གྱི་དུས་ཡུན་བེད་སྤྱད་དེ་ཅུང་ཆ་ཚང་བའི་ཞིང་ལས་ཚོང་གཉེར་གཙོ་གཞིའི་ཡིད་རྟོན་མ་ལག་ཕལ་ཆེར་འཛུགས་སྐྲུན་ལེགས་འགྲུབ་བྱེད་དགོས། ཞིང་སྡེའི་གྲངས་འབོར་ཀུན་ཕན་དངུལ་རྩ་འཕེལ་རྒྱས་སུ་གཏོང་དགོས། ནུས་ཤུགས་ཡོད་རྒུས་ཞིང་ཁྱིམ་གྱི་གྲངས་འབོར་ཆུང་བའི་ཡིད་རྟོན་དངུལ་བུན་དང་། དངུལ་འཛིན་གཏའ་འཇོག་དངུལ་བུན། ཞིང་ལས་འཕྲུལ་ཆས་དང་དྲོད་ཁང་གི་སྒྲིག་ཆས་གཏའ་འཇོག་དངུལ་བུན་གྱི་ལས་སྒོ་སྤེལ་དགོས། ཆེད་གཏོགས་དངུལ་རྩའི་ཐོན་རྫས་གསར་སྤེལ་བྱས་ཏེ་ཞིང་ལས་ཚོང་གཉེར་གཙོ་གཞི་གསར་བ་དང་། ཞིང་སྡེའི་ཐོན་ལས་གསར་བ་དང་ལས་རྣམ་གསར་བར་རྒྱབ་སྐྱོར་བྱེད་པར་སྐུལ་མ་བཏང་ནས། ཐོག་མའི་དངུལ་བུན་དང་ཡིད་རྟོན་དངུལ་བུན་ཇེ་མང་དུ་གཏོང་དགོས། ཞིང་ལས་ཞིང་སྡེའི་རྨང་གཞི་སྒྲིག་ཆས་དང་དངུལ་གཏོང་གི་དུས་ཡུན་འབྲིང་རིང་གི་ཡིད་རྟོན་རྒྱབ་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཞིང་ལས་ཡིད་རྟོན་དངུལ་བུན་གྱི་འགན་ལེན་ལྡབ་གྲངས་ཇེ་ཆེར་གཏོང་བའི་ལས་འབོར་དཔྱད་འཇོག་ལ་ཤུགས་བསྣན་ཏེ། ཞིང་ལས་ཡིད་རྟོན་དངུལ་བུན་གྱི་འགན་ལེན་གཞི་ཁྱོན་ཇེ་ཆེར་གཏོང་དགོས། ས་གནས་ཀྱི་ལེགས་ཆ་ལྡན་པའི་ཁྱད་ལྡན་ཞིང་ལས་ཐོན་རྫས་འགན་བཅོལ་ལ་བྱ་དགས་ཁ་གསབ་ཀྱི་ཚབ་བྱེད་པའི་བྱེད་ཐབས་རིམ་བཞིན་རྒྱལ་ཡོངས་སུ་ཁྱབ་གདལ་དུ་གཏོང་དགོས། ཞིང་ལས་ཡང་བསྐྱར་འགན་བཅོལ་ལམ་ལུགས་འཐུས་ཚང་དུ་བཏང་ནས། “འགན་བཅོལ+དུས་བཅད་ཚོང་ཟོག”གིས་ཞིང་སྡེ་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་གོ་རིམ་ཁྲོད་ཀྱི་ཕན་ནུས་འདོན་སྤེལ་གང་ལེགས་བྱེད་དགོས།
(ཉེར་གཅིག) ཞིང་སྡེའི་བཅོས་བསྒྱུར་ལ་སྐུལ་འདེད་གཏིང་ཟབ་བྱེད་དགོས། ཞིང་སྡེའི་རྒྱུ་ནོར་བདག་དབང་ལམ་ལུགས་དང་ཚོང་རའི་བཀོད་སྒྲིག་ནུས་པ་ཇེ་ལེགས་སུ་བཏང་ནས་ཞིང་སྡེ་འཕེལ་རྒྱས་ལ་སྐུལ་སྤེལ་བྱེད་དགོས། ཞིང་སྡེའི་ས་ཞིང་ཐུན་མོང་ལམ་ལུགས་གཡོ་འགུལ་མེད་པ་དང་ཁྱིམ་ཚང་གིས་འགན་ལེན་གཉེར་སྐྱོང་བྱེད་པའི་རྨང་གཞིའི་རང་བཞིན་གྱི་གོ་གནས་གཡོ་འགུལ་མེད་པ་གཉིས་རྒྱུན་འཁྱོངས་བྱས་ཏེ། གོ་རིམ་ལྡན་པའི་ངང་རེས་སྐོར་གཉིས་པའི་ས་ཞིང་འགན་ལེན་གྱི་དུས་ཚོད་ལོངས་རྗེས་ད་དུང་ལོ30སྣུར་སྲིང་བྱས་ནས་ཚོད་ལྟ་བྱེད་པ་དང་ཞིང་སྡེའི་ས་ཞིང་འགན་ལེན་ཡུན་རིང་འགྱུར་མེད་དུ་རྒྱུན་འཁྱོངས་བྱས་ཏེ། ས་ཞིང་བདག་དབང་འཁོར་རྒྱུག་ཞབས་ཞུ་ཆ་ཚང་དུ་གཏོང་དགོས། ཞིང་སྡེའི་བསགས་འབོར་འཛུགས་སྐྲུན་གྱི་སྲིད་ཇུས་ཇེ་ལེགས་སུ་གཏོང་བ་དང་ལྡོག་ཕྱོགས་ཀྱི་རྩིས་ཁྲར་དོ་དམ་བྱས་ནས་ཞིང་སྡེའི་ཐོན་ལས་འཕེལ་རྒྱས་དང་འཛུགས་སྐྲུན་ལ་འགན་སྲུང་བྱ་དགོས། ཞིང་སྡེའི་ཐོན་ལས་ཁ་ཐོར་དུ་གྱུར་པའི་དོན་དངོས་ལ་གཞིགས་ནས་ས་ཞིང་བཀོལ་སྤྱོད་བྱེད་པའི་ཐབས་ལམ་གསར་བ་འདོན་སྤྲོད་བྱེད་དགོས་པ་དང་། ཁང་སའི་དོ་དམ་ལ་ཤུགས་བསྣན་ནས་ཞིང་སྡེའི་ཁང་སའི་ལམ་ལུགས་བཅོས་བསྒྱུར་གྱི་ཚོད་ལྟའི་ལས་དོན་བརྟན་པོ་དང་གཟབ་ནན་ངང་སྤེལ་ནས་ཁང་སའི་བདག་དབང་དང་། ཐོབ་ཐང་དབང་ཆ། བཀོལ་སྤྱོད་དབང་ཆ་བཅས་ནུས་ལྡན་ངང་མངོན་འགྱུར་བྱ་དགོས། སྡོད་ཁང་དང་ས་ཞིང་གཞི་གཅིག་ཅན་གྱི་ཁང་ས་ཐོ་འགོད་དང་ལག་ཁྱེར་སྤྲོད་པའི་ལས་ཀ་ཚད་ལྡན་དུ་གཏོང་དགོས། ཤང་གྲོང་འཛུགས་སྐྲུན་ཕྱོགས་ལ་མཁོ་བའི་ས་ཞིང་ཚད་ལྡན་དུ་གཏོང་བ་དང་། ཞིབ་བཤེར་ཆོག་མཆན་འགོད་པའི་གོ་རིམ་འཐུས་ཚང་དུ་གཏོང་དགོས། 2021ལོར་ཞིང་སྡེའི་ཐུན་མོང་རྒྱུ་ནོར་བདག་དབང་ལམ་ལུགས་བཅོས་བསྒྱུར་གྱི་ལས་འགན་ལེགས་འགྲུབ་བྱུང་ནས་ཞིང་སྡེའི་ཐུན་མོང་དཔལ་འབྱོར་གསར་བ་འཕེལ་རྒྱས་དང་སྟོབས་ལྡན་དུ་གཏོང་དགོས། གྲོང་ཁྱེར་དུ་གཞི་ཆགས་པའི་ཞིང་པའི་ས་ཞིང་འགན་ལེན་གྱི་དབང་ཆ་དང་། ཁང་ས་བཀོལ་སྤྱོད་བྱེད་དབང་། ཐུན་མོང་གི་ཁེ་ཕན་བགོ་བཤའ་རྒྱག་དབང་བཅས་འགན་སྲུང་བྱེད་པ་དང་། ཁྲིམས་ལྟར་རང་འགུལ་དང་རིན་ཡོད་པའི་སྒོ་ནས་བཤུག་སྤྲོད་བྱེད་པའི་བྱེད་ཐབས་གཏན་འབེབས་བྱེད་དགོས། གྲོང་གསེབ་ཀྱི་ཐོན་དབང་འཁོར་རྒྱུག་ཉོ་ཚོང་དང་དོ་དམ་ཆ་འཕྲིན་དྲ་རྒྱའི་ལས་སྟེགས་འཛུགས་སྐྲུན་ལ་ཤུགས་བསྣན་ནས་ཕྱོགས་བསྡུས་རང་བཞིན་གྱི་ཉོ་ཚོང་ཞབས་ཞུ་མཁོ་འདོན་བྱེད་དགོས་ཤིང་། ཞིང་ལས་ཀྱི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ཆ་འཕྲིན་ཅན་དུ་བསྒྱུར་བར་ཤུགས་སྣོན་དགོས། ཞིང་སྡེའི་ཆུ་རིན་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་དང་། ཞིང་སྡེའི་ཐུན་མོང་ནགས་ཚལ་བདག་དབང་ལམ་ལུགས་བཅོས་བསྒྱུར་ལ་མུ་མཐུད་སྐུལ་སྤེལ་བྱེད་དགོས།
ལྔ། ཏང་གིས“ཞིང་གསུམ”བྱ་བར་ཕྱོགས་ཡོངས་ནས་མགོ་ཁྲིད་བྱེད་པར་ཤུགས་སྣོན་དགོས།
(ཉེར་གཉིས) རིམ་ལྔའི་ཧྲུའུ་ཅིས་གྲོང་གསེབ་དར་སྤེལ་གཏོང་བའི་བྱ་བའི་ལམ་སྲོལ་ཤུགས་སྣོན་བྱེད་དགོས། གྲོང་གསེབ་དར་སྤེལ་གྱི་ཟབ་ཚད་དང་། ཁྱབ་རྒྱ། དཀའ་ངལ་བཅས་ཕྱོགས་ཡོངས་ནས་དབུལ་ཐར་འགག་སྒྲོལ་ལས་མི་དམན་པས། ངེས་པར་དུ་སྔར་ལས་ལྷག་པའི་བྱེད་ཐབས་སྤྱོད་པ་དང་། སྔར་ལས་ལྷག་པའི་སྟོབས་ཤུགས་གཅིག་བསྡུ་བྱེད་དགོས།《ཀྲུང་གོ་གུང་ཁྲན་ཏང་གི་ཞིང་ལས་བྱ་བའི་སྲོལ་ཡིག》ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་གིས་སྤྱི་འདོམས་དང་། ཞིང་ཆེན་གྱིས་སྤྱིའི་འགན་འཁུར་བ། གྲོང་ཁྱེར་དང་རྫོང་། ཤང་བཅས་ཀྱིས་དོན་ཐོག་ཏུ་འཁྱོལ་བའི་ཞིང་སྡེའི་བྱ་བའི་མགོ་ཁྲིད་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ། དབུལ་ཐར་འགག་སྒྲོལ་ལས་དོན་ཁྲོད་གྲུབ་པའི་རྩ་འཛུགས་ལ་སྐུལ་འདེད་དང་། རྒྱུ་རྐྱེན་གཙོ་བོར་འགན་སྲུང་། སྲིད་ཇུས་ལ་རྒྱབ་སྐྱོར། མཉམ་ལས་ལ་རོགས་སྐྱོར། དཔྱད་ཞིབ་ལྟ་སྐུལ་སོགས་ཀྱི་བྱ་བའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། དགོས་མཁོ་དངོས་གཞིར་བཟུང་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། གོང་འོག་སྦྲེལ་མཐུད་དང་། གནད་ཁེལ་ཇུས་འདོན། ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པའི་ཏང་ཨུ་ཡིས་གྲོང་གསེབ་དར་སྤེལ་གཏོང་བའི་བྱ་བར་དུས་ལྟར་ཞིབ་འཇུག་བྱེད་དགོས། རྫོང་ཨུ་ཧྲུའུ་ཅིས་སེམས་ཤུགས་ཡོད་ཚད“ཞིང་གསུམ”ལས་དོན་ཐད་འདོན་དགོས། གྲོང་གསེབ་དར་སྤེལ་གཏོང་བའི་འབྲེལ་གཏུག་བྱེད་གནས་ལམ་ལུགས་བཙུགས་ཏེ། ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པའི་ཏང་ཨུ་དང་སྲིད་གཞུང་གི་འགན་འཁུར་བློ་མཐུན་ཚང་མས་འབྲེལ་གཏུག་བྱེད་གནས་གཏན་འཁེལ་བྱེད་དགོས། རྫོང་དང་ཤང་། ཞིང་སྡེ་བཅས་རིམ་པ་གསུམ་གྱི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་གྲོང་གསེབ་དར་སྤེལ་གྱི་རེས་སྐོར་གསོ་སྦྱོང་བྱེད་དགོས། ཏང་གིས་ཞིང་སྡེའི་ཤེས་ལྡན་མི་སྣའི་ལས་དོན་ལ་མགོ་ཁྲིད་བྱེད་པར་ཤུགས་བསྣན་ཏེ། ཞིང་སྡེའི་ཤེས་ལྡན་མི་སྣ་དར་རྒྱས་གཏོང་རྒྱུ་དེ་ཏང་ཨུའི་ཤེས་ལྡན་མི་སྣའི་ལས་དོན་གྱི་སྤྱིའི་བཀོད་སྒྲིག་ནང་བཞག་ནས། ཞིང་སྡེའི་ཁྱད་ཆོས་དང་འཚམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཤེས་ལྡན་མི་སྣས་ཞིང་སྡེ་ལ་ཞབས་འདེགས་ཞུ་བའི་སྐུལ་ལྕག་དང་ཚོད་འཛིན་ལ་ཤུགས་སྣོན་དགོས། མགྱོགས་མྱུར་ཀྱིས་ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ་དང་། འཇོན་ཐང་ཆེ་བ། སྤྱོད་ཚུལ་ལེགས་པ་བཅས་ཀྱི་གྲོང་གསེབ་དར་སྤེལ་གཏོང་བའི་ལས་བྱེད་པའི་དཔུང་ཁག་བསྐྲུན་ནས། ཕུལ་བྱུང་ལས་བྱེད་པ་གྲོང་གསེབ་དར་སྤེལ་གཏོང་བའི་ལས་གནས་དང་པོར་མངགས་ཏེ། གྲོང་གསེབ་དར་སྤེལ་གཏོང་རྒྱུ་དེ་ལས་བྱེད་པ་གསོ་སྐྱོང་དང་སྦྱོང་བརྡར་བྱེད་པའི་ལས་སྟེགས་ཡངས་པོ་ཞིག་ཏུ་བརྩིས་ནས། དཀའ་ཚེགས་ཆེ་བའི་ས་ཁུལ་དང་འགག་རྩའི་ལས་གནས་སུ་བྱས་རྗེས་འབུར་ཐོན་ཡིན་པའི་ལས་བྱེད་པ་དམིགས་བསལ་གྱིས་བསྐོ་འཇོག་བྱེད་དགོས།
(ཉེར་གསུམ)ཏང་ཨུའི་ཞིང་སྡེའི་བྱ་བའི་མགོ་ཁྲིད་ཚན་ཆུང་དང་བྱ་བའི་སྒྲིག་གཞི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། རིམ་པ་ཁག་གི་ཏང་ཨུའི་ཞིང་སྡེའི་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་སྤྱི་ཡོངས་ལ་སྣེ་ཁྲིད་དང་སྤྱི་འདོམས་མཐུན་སྦྱོར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཁོངས་མིའི་ལས་ཁུངས་ཀྱིས་ཞིང་འབྲེལ་སྲིད་ཇུས་གལ་ཆེན་བཏོན་ཚེ་ཏང་ཨུའི་ཞིང་སྡེའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་བསམ་འཆར་བསྡུ་ལེན་བྱེད་པ་དང་འབྲེལ་ཐོ་འགོད་སྙན་སེང་ཞུ་དགོས། ས་གནས་ཁག་གིས“དར་སྤེལ་ཆེན་པོ་ལྔའི”དམིགས་ཚད་ལས་འགན་ལ་དམིགས་ནས་ཏང་ཨུ་དང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གྱིས་མགོ་ཁྲིད་བྱེད་པའི་ཆེད་དོན་ཚན་ཆུང་ངམ་ཡང་ན་བྱ་བའི་ཆེད་ལས་འཛིན་གྲྭ་འཛུགས་པ་དང་དོན་འཁྱོལ་རྩིས་ཁྲ་བཟོས་ནས་བྱ་བའི་འགན་འཁྲི་ཇེ་ཞིབ་ཏུ་གཏོང་དགོས། ཏང་ཨུའི་ཞིང་སྡེའི་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་ཐབས་ཇུས་བློ་འདོན་དང་། སྤྱི་འདོམས་མཐུན་སྦྱོར། སྲིད་ཇུས་མཛུབ་སྟོན། དོན་འཁྱོལ་སྐུལ་འདེད། ལྟ་སྐུལ་ཞིབ་བཤེར་སོགས་ཀྱི་འགན་ནུས་ཆེ་རུ་བཏང་སྟེ། ལོ་རེར“ཞིང་གསུམ”ལས་དོན་གྱི་གཙོ་གནད་ལས་འགན་ཁག་བགོས་ཀྱིས་འགན་འཁྲི་ལས་ཁུངས་སོ་སོར་དོན་འཁྱོལ་དང་དུས་བཅད་ལྟར་བྱ་བའི་འཕེལ་རིམ་ལ་ལྟ་སྐུལ་བྱེད་དགོས། ཏང་ཨུའི་ཞིང་སྡེའི་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་སྒྲིག་གཞི་འཛུགས་སྐྲུན་དང་མི་སྣ་བཀོད་སྒྲིག་བྱེད་པར་ཤུགས་སྣོན་དགོས།
(ཉེར་བཞི) ཏང་གི་ཞིང་སྡེའི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་དང་ཞིང་སྡེའི་བཅོས་སྒྲིག་ལ་ཤུགས་སྣོན་དགོས། ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་ཀྱི་མགོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཏང་འཛུགས་སྐྱོང་ལ་མུ་མཐུད་དམ་འཛིན་གྱིས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་དགོས། ཤང་གྲོང་དང་སྡེ་བའི་གཅིག་སྡུད་སྐབས་བརྗེའི་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་ནས་ཤང་དང་གྲོང་རྡལ་གྱི་མགོ་ཁྲིད་ཚན་ཁག་དང་སྡེ་བའི“ཨུ་ལྷན་གཉིས”ཀྱི་ཁོངས་མི་དང་ལྷག་པར་དུ་སྡེ་བའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ལེགས་འདེམས་ཧྲག་སྒྲིག་བྱེད་དགོས། ཆ་རྐྱེན་འཛོམས་པའི་ས་གནས་སུ་སྡེ་བའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཡིས་ཁྲིམས་བཀོད་གོ་རིམ་ལྟར་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་འགན་འཁུར་རྒྱུ་ཁྱབ་སྤེལ་ཧུར་ཐག་གཏོང་བ་དང་། ཡུལ་བབ་དང་བསྟུན་པ་ལས་གཅིག་གྱུར་གྱིས་ཐག་གཅོད་མི་རུང་། སྐབས་བརྗེ་དང་མཉམ་དུ་སྡེ་བའི་ལས་དོན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ལེགས་འདེམས་ཧྲག་སྒྲིག་བྱེད་པ་དང་གཞི་རིམ་གྱི་སྒྲིག་བཤེར་ལྟ་ཞིབ་རྩ་འཛུགས་ཀྱིས་སྡེ་བའི་ལས་དོན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་དང་འབྲེལ་གཏུག་མཉམ་སྒྲུབ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པར་ཤུགས་སྣོན་དགོས། ཞིང་བའི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་རུལ་སུངས་ཀྱི་བྱ་སྤྱོད་ལ་མཐའ་གཅིག་ཏུ་ཆད་པ་གཅོད་དགོས། གཙོ་གནད་ཤང་གྲོང་ལ་སྡེ་བར་བཅའ་སྡོད་བྱེད་པའི་ཧྲུའུ་ཅི་དང་པོ་དང་ལས་དོན་རུ་ཁག་མངགས་པའི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་དགོས། ཞིང་སྡེའི་ཕུལ་བྱུང་གཞོན་ནུའི་ཁྲོད་ནས་ཏང་ཡོན་འཕེལ་རྒྱས་སུ་བཏང་ནས། ཞིང་སྡེའི་གཞི་རིམ་ལས་བྱེད་པར་ཐུགས་ཁུར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གླ་ཕོགས་ཁ་གསབ་སྤྲོད་པའི་ཐོབ་ཐང་མཐོ་རུ་གཏོང་བ། བྱ་བ་དང་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ་བཅས་བྱས་ཏེ་དོན་དངོས་ཀྱིས་དཀའ་ངལ་ཐག་གཅོད་བྱེད་རོགས་གང་ལེགས་བྱེད་དགོས། སྡེ་དམངས་ཨུ་ཡོན་ལྷན་ཁང་ཚད་ལྡན་ཅན་འཛུགས་སྐྲུན་དང་སྡེ་བའི་ལས་དོན་སྤྱི་བསྒྲགས་ལ་སྐུལ་འདེད་གཏོང་དགོས། གྲོང་གསེབ་བཅོས་སྐྱོང་གི་ཚོད་ལྟའི་དཔེ་སྟོན་འཛུགས་པའི་ལས་དོན་སྤེལ་ནས་དམངས་གཙོ་ཁྲིམས་སྐྱོང་གི་དཔེ་སྟོན་སྡེ་བ་འཛུགས་སྐྲུན་དང་། ཞིང་སྡེའི་ཁྲིམས་སྦྱོང་དང་ཁྲིམས་སྤྱོད་ཀྱི་དཔེ་སྟོན་ཁྱིམ་ཚང་སྐྱེད་སྲིང་བྱེད་དགོས། ཞིང་སྡེའི་མི་དམངས་འདུམ་འགྲིག་རྩ་འཛུགས་ཀྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་བསྣན་ནས་ས་གནས་དེ་གའི་འགལ་ཟླ་དང་རྩོད་གཞི་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས། བདེ་འཇགས་ཞིང་སྡེ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཞིང་སྡེ་ས་ཁུལ་གྱི་ནག་སེལ་ངན་འཇོམས་རྒྱུན་རྣམ་ཅན་གྱི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། རྫོང་དང་ཤང་། སྡེ་བ་བཅས་ཀྱི་འཕྲལ་བསྟུན་དོ་དམ་དང་མེ་ཟོན་བདེ་འཇགས་མ་ལག་འཛུགས་པར་ཤུགས་བསྣན་ནས་རང་བྱུང་གནོད་འཚེ་དང་། སྤྱི་པའི་འཕྲོད་བསྟེན། བདེ་འཇགས་མིན་པའི་མི་མངོན་པའི་རྐྱེན་ངན་སོགས་དོན་རྐྱེན་ཚབས་ཆེན་གྱི་ཉེན་ཁར་དཔྱད་དཔོག་དང་། ལྟ་ཞིབ་ཚད་ལེན་དང་ཉེན་བརྡ། འཕྲལ་བསྟུན་ཐག་གཅོད་བཅས་ལེགས་པོ་བྱེད་དགོས།
(ཉེར་ལྔ)དུས་རབས་གསར་བའི་ཞིང་སྡེའི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དར་སྤེལ་དང་ལག་ལེན་དུ་བསྟར་ཏེ་ཞིང་བ་མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་བྱེད་ཐབས་སྤྱད་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་དགོས། དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་འཛུགས་པའི་བྱེད་སྒོ་གཏིང་ཟབ་ཏུ་གཏོང་དགོས། རྫོང་རིམ་པའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སྟོབས་ལྡན་དང་བེད་སྤྱོད་ལེགས་པོ་བྱེད་དགོས། ཞིང་སྡེ་རུ“ཏང་གི་བཀའ་བརྩི་བ་དང་། ཏང་གི་དྲིན་གཟོ་བ། ཏང་གི་རྗེས་སུ་འབྲང་བ”བཅས་ཀྱི་སྒྲོག་འགྲེལ་བྱེད་སྒོ་གཏིང་ཟབ་སྤེལ་དགོས། ཕུལ་བྱུང་སྲོལ་རྒྱུན་གྱི་ཡུལ་ཕྱོགས་རིག་གནས་སྔོག་འདོན་དང་རྒྱུན་འཛིན། གསར་གཏོད་གཏིང་ཟབ་བྱས་ཏེ་སྲུང་སྐྱོབ་རྒྱུན་འཛིན་དང་གསར་སྤེལ་བེད་སྤྱོད་ཟུང་འབྲེལ་བྱས་ནས་ཀྲུང་ཧྭའི་སོ་ནམ་དཔལ་ཡོན་ལ་དུས་རབས་ཀྱི་ནང་དོན་གསར་པ་སྣོན་དགོས། ཞིང་སྡེའི་གོམས་སྲོལ་བསྒྱུར་བར་མུ་མཐུད་སྐུལ་འདེད་བཏང་སྟེ་སྐར་གསོག་ལམ་ལུགས་དང་། ཀུན་སྤྱོད་དཔྱད་གླེང་གྲོས་ཚོགས། འདས་མཆོད་དང་གཉེན་སྟོན་ལས་འཛིན་ལྷན་ཚོགས་སོགས་ཀྱི་བྱེད་སྟངས་ཁྱབ་གདལ་དུ་བཏང་ནས་རིན་གོང་མཐོ་བའི་གཉེན་རྟེན་ལེན་པ་དང་། ངོ་སོའི་འགྲན་བསྡུར། འདས་མཆོད་རྒྱ་ཆེར་སྒྲུབ་པ། རྒྱས་སྤྲོས་ཆུད་ཟོས། རྙིང་ཞེན་རྨོངས་དད་སོགས་ཀྱི་གོམས་སྲོལ་ངན་པ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཡུལ་སྲོལ་ཡ་རབས་དང་། ཁྱིམ་སྲོལ་ལེགས་པོ། གཞུང་དྲང་བབ་ཆགས་བཅས་ཀྱི་དམངས་སྲོལ་ཆགས་པར་སྐུལ་འདེད་གཏོང་དགོས། ཞིང་སྡེའི་ཁྲིམས་འགལ་གྱི་ཆོས་ལུགས་བྱེད་སྒོ་དང་ཕྱི་ཕྱོགས་སུ་སིམ་འཛུལ་བྱེད་པའི་བྱ་འགུལ་ལ་རྡུང་རྡེག་གཏོང་ཤུགས་ཇེ་ཆེར་བཏང་སྟེ། ཆོས་ལུགས་བེད་སྤྱད་ནས་ཞིང་སྡེའི་སྤྱི་པའི་ལས་དོན་ལ་ཐེ་གཏོགས་བྱེད་པའི་རིགས་ལ་ཁྲིམས་ལྟར་གཏན་འགོག་བྱེད་དགོས། ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་ལེགས་པར་བསྒྲུབ་དགོས།
(ཉེར་དྲུག) གྲོང་གསེབ་དར་སྤེལ་གྱི་དཔྱད་ཞིབ་དོན་འཁྱོལ་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ཞིང་ཆེན(རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར)ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་ལོ་རེར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་པའི་གནས་ཚུལ་སྙན་ཞུ་འབུལ་དགོས། གྲོང་ཁྱེར་དང་རྫོང་གི་ཏང་སྲིད་མགོ་ཁྲིད་ཚན་ཁག་དང་མགོ་ཁྲིད་ལས་བྱེད་པས་གྲོང་གསེབ་དར་སྤེལ་གྱི་གྲུབ་འབྲས་དངོས་ལ་དཔྱད་ཞིབ་བྱ་རྒྱུ་དེ་ཏང་སྲིད་མགོ་ཁྲིད་ཚན་ཁག་དང་མགོ་ཁྲིད་ལས་བྱེད་པའི་ཕྱོགས་བསྡུས་དཔྱད་ཞིབ་གདེང་འཇོག་གི་ནང་དོན་དུ་བརྩིས་ནས། དཔྱད་ཞིབ་མཇུག་འབྲས་བཀོལ་སྤྱོད་ལ་ཤུགས་སྣོན་པ་དང་གྲོང་གསེབ་དར་སྤེལ་གྱི་གྲུབ་འབྲས་མངོན་གསལ་ཡིན་པའི་གྲོང་ཁྱེར་དང་རྫོང་གི་ཏང་སྲིད་མགོ་ཁྲིད་ལས་བྱེད་པའི་གོ་གནས་སྤོར་བ་དང་བེད་སྤྱོད་བྱ་རྒྱུར་མཐོང་ཆེན་བྱེད་དགོས། དཔྱད་ཞིབ་ཀྱི་ཨང་རིམ་རྗེས་ལུས་ཡིན་པ་དང་འགན་འཁྲི་སྒྲུབ་ནུས་མི་འདང་བའི་གྲོང་ཁྱེར་དང་རྫོང་ཏང་ཨུ་དང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོར་ཁ་ཏ་བྱས་ནས་རྒྱུན་རྣམ་ཅན་གྱི་ཁ་ཏའི་ལམ་སྲོལ་འཛུགས་དགོས། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ་དེ་གྲོང་གསེབ་དར་སྤེལ་གྱི་དཔྱད་ཞིབ་ནང་འཇུག་དགོས། གྲོང་གསེབ་དར་སྤེལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་ལྟ་སྐུལ་ཞིབ་བཤེར་བྱེད་སྟངས་གསར་གཏོད་དང་འཐུས་ཚང་དུ་གཏོང་དགོས། གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད་བྱས་ཏེ་སྲིད་ཇུས་དང་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་རྒྱུན་མཐུད་ངང་ཡོ་བསྲང་དང་བཅོས་སྐྱོང་བྱས་ཏེ་སྡེ་བ་རིམ་པའི་རྩ་འཛུགས་ཀྱི་ལུགས་དང་མི་མཐུན་པའི་ཁུར་པོ་ཇེ་ཡང་དུ་གཏོང་རྒྱུ་དེ་ཀྲུང་དབྱང་གིས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དང་ལྟ་སྐུལ་ཞིབ་བཤེར་གྱི་གཙོ་གནད་ནང་དོན་དུ་འཇུག་དགོས། དངོས་ཐོག་བདེན་འཚོལ་དང་ཁྲིམས་ལྟར་སྲིད་འཛིན་མཐའ་འཁྱོལ་བྱས་ཏེ་ཞིང་སྡེའི་ལས་དོན་ཁག་གི་དུས་བཅད་དང་སྤུས་ཚད། ཕན་འབྲས་བཅས་ཁོང་དུ་ཆུད་པར་བྱེད་དགོས། གྲོང་གསེབ་དར་སྤེལ་གྱི་དྲིལ་སྒྲོག་ལས་དོན་ལ་ཤུགས་བསྣན་ནས་སྤྱི་ཚོགས་ཡོངས་སུ་ཐུན་མོང་ཐོག་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་རྣམ་པ་བཟང་པོ་སྐྲུན་དགོས།
ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས་གསར་གཏོད་ཡར་བརྩོན་དང་། དངོས་འཛིན་དངོས་སྒྲུབ་ཀྱིས་ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ་དང་། ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་ཇེ་མགྱོགས་སུ་གཏོང་བ། “ཞིང་གསུམ”ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གིས་བསྐྲུན་པ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བར་ལེགས་སྐྱེས་གསར་པ་འབུལ་དགོས། །