པེ་ཅིང་གྲོང་ཁྱེར་གྱི་འདབས་སུ་ཡོད་པའི་རྒྱལ་རོང་བོད་སྡེ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-03-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

     པེ་ཅིང་གྲོང་ཁྱེར་ནུབ་ཕྱོགས་ཉེ་འདབས་ཀྱི་ཞང་ཧྲན་ལྷོ་རྒྱུད་དུ་གྲངས་ཉུང་མི་རིགས་ཀྱི་གྲོང་སྡེ“ཧྥན་ཙི་གྲོང་སྡེ”ཞེས་པ་ཞིག་ཡོད།  གྲོང་སྡེར་གནས་སྡོད་བྱེད་པའི་མི་ནི་མི་རིགས་གང་རེད་ཅེ་ན།  དེར་སྔོན་ཆད་ཀྱི་ལོ་རྒྱུས་ཁུངས་བཙུན་མེད་པས།  སྐབས་ཤིག་ལ་མིའོ་རིགས་ཡིན་ཁུལ་བྱས།  དོན་དངོས་སུ་བཤད་ན“ཧྥན་ཙི་གྲོང་སྡེའི”སྡོད་དམངས་ནི་མིའོ་རིགས་མིན་པར་རྒྱལ་རོང་བོད་རིགས་རེད།  
  འདས་པའི་ལོ་ཁ་ཤས་ནང་།  ཀྲུང་གོ་རྡོ་སོལ་གཏེར་ཁའི་རིག་རྩལ་ཚོགས་པའི་བློ་མཐུན་ཏེང་ཀོང་ཧུའེ་པེ་ཅིང་གྲོང་ཁྱེར་གྱི་ཉེ་འདབས་སུ་དམངས་གླུ་འཚོལ་སྡུད་བྱེད་དུ་ཕྱིན་སྐབས།   ཞང་ཧྲན“ཧྥན་ཙི་གྲོང་སྡེའི”ནས་བསྡུས་པའི་གླུ་འགའ་རེ་ནི་ས་ཆ་དེ་གའི་མི་རྒན་པ་རྣམས་ཀྱིས་ཆ་རྒྱུས་མེད་པའི་སྐད་ཆས་གླུ་བླངས་པ་མ་ཟད་ད་དུང་འཁྲབ་ཞོར་དུ་གླུ་ལེན་པའི“སྐོར་བྲོ”ཞེས་པ་ཞིག་རེད།  ས་ཆ་དེ་གའི་མི་རྒན་རྣམས་ཀྱིས་“སྐོར་བྲོ”ནི་ཕ་མེས་མི་རབས་ནས་བརྒྱུད་ཡོང་བ་རེད་ཟེར།  ཁོ་ཚོས་གླུ་ཚིག་གསལ་བོ་བཤད་མི་ཐུབ་ལ།  མི་རིགས་སུའི་སྐད་ཆ་ཡིན་པའང་བཤད་རྒྱུ་མེད།  དེ་ནས།   ཏེང་ཀོང་ཧུའེ་ཡིས་སྒྲ་ཕབ་སྤྱིན་ཤོག་བཟུང་ནས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོར་ཕྱིན་ཏེ་མིའོ་རིགས་བློ་མཐུན་རྣམས་ལ་བསྒྱུར་དུ་བཅུག   འོན་ཀྱང་མིའོ་རིགས་བློ་མཐུན་རྣམས་ཀྱིས་གླུ་ཚིག་གི་ནང་དོན་མི་གོ་བ་རེད།  དེའི་རྗེས་སུ།  ཏེང་ཀོང་ཧུའེ་ཡང་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོར་ཕྱིན་ནས་བོད་རིགས་དགེ་རྒན་ངག་དབང་ལ་ངོས་འཛིན་བྱེད་དུ་བཅུག་པས། མཐའ་མཇུག་དགེ་རྒན་བཙན་ལྷ་ངག་དབང་གིས་གླུ་ཚིག་དེ་དག་རྒྱལ་རོང་སྐད་ཡིན་ལ།  ལོ་ཉིས་བརྒྱ་ལྷག་གི་སྔོན་ཆུ་ཆེན་དང་བཙན་ལྷའི་ས་ཆར་བླངས་མྱོང་བའི་རྒྱལ་རོང་བོད་རིགས་ཀྱི་གླུ་གཞས་ཡིན་པར་ངོས་འཛིན་བྱས།  དེའི་ནང་གླུ་གཅིག་ལ་《སྐྱེ་ཡུལ།》(ཕ་ཡུལ་དྲན་གླུ)ཞེས་པའི་གླུ་ཚིག་གི་མཇུག་མཐའི་ཚིག་ཁ་ཤས་བསྒྱུར་བའི་ནང་དོན་ནི།“ང་ཚོ་འགྲོ་རུ་ཆུགས། ང་ཚོ་ནི་ཆུ་ཆེན་གྱི་བོད་པ་ཡིན།  འགྲོ་ཡ་འགྲོ་ཡ། ང་ཚོ་ཉིན་མཚན་ཀུན་ཏུ་དྲན་པའི་ས་ཆར་འགྲོ།”ཞེས་བྲིས་ཡོད།  དུས་མཚུངས་སུ། ཏེང་ཀོང་ཧུའེས་ད་དུང་ཧྥན་ཙི་གྲོང་སྡེའི་ཉེ་འདབས་ནས་བོད་ཡིག་བཀོད་པའི་རྡོ་རོང་ཁ་ཤས་རྙེད།  1983ལོའི་ཟླ་4བར།  པེ་ཅིང་དུ་སློབ་སྦྱོང་བྱེད་པའི་ཆུ་ཆེན་གྱི་སློབ་མ་ཁ་ཤས“ཧྥན་ཙི་གྲོང་སྡེ”རུ་འཚམས་འདྲིར་ཕྱིན་ཚེ།  སྡོད་དམངས་རྣམས་ཀྱིས་དགའ་སྤྲོ་ཚད་མེད་སྒོས་སྣེ་ལེན་བྱས།  སྐད་ཆ་མི་གཅིག་ཀྱང་ཕ་ཡུལ་གཅིག་པའི་མི་མཉམ་དུ་འཛོམས་དུས།  ཕ་ཡུལ་གྱི་གླུ་བླངས་པས།  ཚང་མར་མཛའ་བརྩེ་ལྷག་པར་རྒྱས།  ད་ལྟ།  གྲོང་སྡེ་ཡོངས་ཀྱི་མི་གྲངས་ཆིག་སྟོང་ལྷག་ཏུ་འཕེལ་རྒྱས་བྱུང་ཞིང་།  ཁོ་ཚོས་བདེ་སྡོད་ལས་བརྩོན་བྱས་པ་བརྒྱུད།  གཙོ་བོར་ཤིང་འབྲས་ལས་སྣོན་ལས་རིགས་གཉེར་བཞིན་ཡོད།  

  དེར་བལྟས་ན།  པེ་ཅིང་ཞང་ཧྲན“ཧྥན་ཙི་གྲོང་སྡེའི”སྡོད་དམངས་ནི།  གནའ་རབས་བཙན་ལྷ་དང་ཆུ་ཆེན་གཉིས་ཀྱི་རྒྱལ་རོང་བོད་རིགས་ཀྱི་གདུང་རྒྱུད་རེད།  རེད་དེ།  རྒྱལ་རོང་བ་འདི་དག་དུས་ནམ་དང་དོན་ཅི་ལ་ས་ཆ་དེར་སོང་བ་རེད་ཅེ་ན།   

 ལོ་ཉིས་བརྒྱ་ལྷག་ཙམ་སྔོན་གྱི་ཆིང་རྒྱལ་རབས་ཀྱི་ཆན་ལུང་ལོ་རབས་ནང་།  ཆིང་རྒྱལ་རབས་ཀྱིས་སི་ཁྲོན་ནུབ་བྱང(ད་ལྟ་རྔ་བ་ཁུལ་གྱི་ལྷོ་ཕྱོགས།)གི་བཙན་ལྷ་དང་ཆུ་ཆེན་གཉིས་ཀྱི་རྒྱལ་པོ་དང་དམག་དོན་གདོང་གཏུག་བྱས་ནས།  ལོ་རྒྱུས་ཐོག་“བཙན་ལྷ་ཆུ་ཆེན་གྱི་འཐབ་འཁྲུག”ཟེར།  ཆན་ལུང་ཞེ་གཅིག(1776)ལོར་ཆུ་ཆེན་རྒྱལ་པོ་རྩ་བ་ནས་ཕམ་རྗེས།  ཆིང་རྒྱལ་རབས་ཀྱི་དམག་དཔུང་གིས་ཆུ་ཆེན་གྱི་མི་ཉིས་སྟོང་ཙམ་པེ་ཅིང་དུ་འཛིན་སྐྱེལ་བྱས་ནས“མཆོད་འབུལ་ཁང་ནང་”ནས་མང་ཕྱོགས་བསད་མཐར།  གཞས་དང་ཞབས་བྲོ་ལ་མཁས་པའི་མི་ཉིས་བརྒྱ་ཙམ་ཞང་ཧྲན་ལ་བསྐྱལ་ནས་གནས་སྡོད་བྱེད་དུ་བཅུག་སྟེ།  ཕོ་བྲང་ནང་རྟེན་འབྲེལ་བྱུང་དུས་གླུ་དང་ཞབས་བྲོ་རྩེ་རུ་བཅུག  དེ་ནས་བཟུང་ཆུ་ཆེན་གྱི་མི་དེ་རྣམས་ཞང་ཧྲན་ལ་བསྡད་ནས།  ཁོ་ཚོ་སྡོད་པའི་གྲོང་སྡེ་ལ“ཧྥན་ཙི་གྲོང་སྡེའི”ཞེས་མིང་བཏགས་པ་རེད།  

 གོང་མ་ཆན་ལུང་སྐུ་གཤེགས་རྗེས།  ཅཱ་ཆིན་ལོ་རབས་ནང་།  ཞང་ཧྲན་དུ་སྡོད་པའི་བཙན་ལྷ་དང་ཆུ་ཆེན་གཉིས་ཀྱི་མི་རྣམས་ཀྱིས“བཟུང་དམག”དང་“ངོ་ལོག་པ”ཞེས་པའི་མཚང་མིང་དོར་ཏེ།  ཁོ་ཚོའི་མི་རབས་རྗེས་མ་ལ་མཐོང་ཆུང་དང་བརྙས་བཅོས་མི་ཐེབས་ཆེད་རང་ཉིད་“མིའོ་རིགས་ཀྱི་མི”རུ་མིང་གཡར་བས།  མི་རབས་རྗེས་མས་ཀྱང་ཁོ་ཚོ་ནི“མིའོ་རིགས”རེད་སྙམ་པའི་གོ་ལོག་བྱུང་།  འདི་ནི་པེ་ཅིང་ཞང་ཧྲན་གྱི་རྒྱལ་རོང་བོད་རིགས་ཀྱི་གྲོང་སྡེའི་འབྱུང་ཁུངས་རེད།