བདེ་ཆེན་གྱིས་གཙོ་གནད་རྣམ་གྲངས19གཅིག་སྡུད་ཐོག་ལས་འགོ་ཚུགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-03-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཟླ་3པའི་ཚེས་27ཉིན་གྱི་ཕྱི་དྲོར། བདེ་ཆེན་གྱི2021ལོའི་ཟླ་3པའི་གཙོ་གནད་རྣམ་གྲངས་གཅིག་སྡུད་ཐོག་ལས་འགོ་འཛུགས་པའི་མཛད་སྒོ་སེམས་ཀྱི་ཉི་ཟླའི་རྡོ་མཁར་རྫོང་བྱང་སྒོའི་ཁུལ་གྱི་རིམ་སྤོར་སྒྱུར་བཀོད་རྣམ་གྲངས་ཨར་སྐྲུན་བྱ་ཡུལ་དུ་འཚོགས་ནས།གཙོ་གནད་རྣམ་གྲངས་19གཅིག་སྡུད་ཐོག་ལས་འགོ་ཚུགས་པ་དང་། ཁུལ་ཡོངས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་།དམངས་འཚོ་འགན་ལེན། གཙོ་གནད་ཐོན་ལས་སོགས་ཚུད་ཡོད།ཁྱོན་མ་དངུལ་སྒོར་དུང་ཕྱུར་20.61བཏང་བ་དང་2021ལོར་འཆར་གཞི་བྱས་ན་མ་དངུལ་སྒོར་དུང་ཕྱུར་10.08གཏོང་རྩིས་ཡོད་པ་རེད།

    ཁུལ་ཨུའི་རྒྱུན་ཨུ། ཁུལ་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ཞུས་ཕུང་ཧྲེང་གིས་རྣམ་གྲངས་ལས་འགོ་ཚུགས་པ་ཁྱབ་བསྒྲགས་གནང་བ་དང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ།ཁུལ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ལེའོ་ཝུན་ཚའེ་ཡིས་འགོ་ཚུགས་མཛད་སྒོ་གཙོ་སྐྱོང་གནང་བ་རེད།

    སེམས་ཀྱི་ཉི་ཟླའི་རྡོ་མཁར་རྫོང་བྱང་སྒོའི་ཁུལ་གྱི་རིམ་སྤོར་བསྒྱུར་བཀོད་རྣམ་གྲངས་སོགས་གཙོ་གནད་རྣམ་གྲངས་ཁག་གཅིག་གཅིག་སྡུད་ཐོག་ལས་འགོ་འཚུགས་པ་དེ་ཁུལ་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་བརྟག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ། ཞིང་ཨུའི་བོད་འབྲེལ་ལས་དོན་ཚོགས་འདུ་ཐེངས་གསུམ་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན། རང་ཁུལ་གྱིས་ཕྱོགས་ཡོངས་ནས་ཀྲུང་དབྱང་དང་། ཞིང་ཨུ།ཁུལ་ཨུ་བཅས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐབས་ཇུས་བཀོད་སྒྲིག་དང་ཁུལ་ཡོངས་ཀྱི“ཚོགས་འདུ་གཉིས”ཀྱི་ལས་དོན་བཀོད་སྒྲིག་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་ཁུལ་ཡོངས་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་ལ་སྔར་བས་སྐུལ་འདེད་གཏོང་བ་དང་མ་འཇོག་གི་སྐུལ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས“ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཡག་པོ་ཞིག་འཛུགས་རྒྱུ་འགན་ལེན་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཀྱང་རེད། བདེ་ཆེན་གྱི་2021ལོའི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཀྱི་ཡོལ་བ་ཕྱེས་ནས། ཁུལ་ཡོངས་ཀྱིས་མགྱོགས་མྱུར་ངང་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་དུས་རབས་གསར་པ་དང་བདེ་ཆེན་གསར་པ་འཛུགས་སྐྲུན་བྱེད་པའི་ཚ་རླབས་ཤིག་འཕྱུར་ཡོད་པ་མཚོན་ཡོད།

    བྱེད་སྒོའི་ཐོག་བླང་བྱ་བཏོན་དོན། རྣམ་གྲངས་ཁག་གི་དོ་བདག་དང་དེ་བཞིན་ཨར་སྐྲུན་ཚན་པས་ལས་གྲྭའི་འཛུགས་སྐྲུན་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས་ཨར་སྐྲུན་ལས་གཞིའི་སྟོབས་ཤུགས་འགན་ལེན་བྱས་ཏེ་ཁྲིམས་ལྟར་ཨར་ལས་བྱེད་པ་དང་། ཡ་རབས་ངང་ཨར་ལས་བྱེད་པ།བདེ་འཇགས་ངང་ཨར་ལས་བྱེད་པ་བཅས་བྱེད་དགོས། ཚན་རིག་དང་མཐུན་ཞིང་ཕན་ནུས་ལྡན་པའི་བྱེད་ཐབས་སྤྱད་དེ་རྣམ་གྲངས་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་བཏང་ནས་ལས་གྲྭ་འཛུགས་སྐྲུན་གྱི་སྤུས་ཚད་ལ་འགན་ལེན་ཏན་ཏིག་བྱ་དགོས། རྫོང(གྲོང་ཁྱེར)དང་། གསར་སྤེལ་ཆུས།ཁུལ་རིམ་པའི་སྡེ་ཚན་ཁག་གིས་ཁུལ་ཨུའི་དཔལ་འབྱོར་ལས་དོན་ཚོགས་འདུའི་མ་འཇོག་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་བྱེད་ཐབས་ནུས་ལྡན་སྤྱད་དེ་ཟླ་རེར་དུས་ཚིགས་འགན་ལེན་དང་དུས་ཚིགས་རེར་ལོ་འགན་ལེན་བྱས་ནས་མ་འཇོག་ལས་འགན་ཁག་དུས་རིམ་ལྟར་བདེ་བླག་ངང་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱེད་དགོས། དེ་དང་ཆབས་ཅིག་ཁུལ་རིམ་པའི་ལས་རིགས་ཁག་གི་གཙོ་གཉེར་སྡེ་ཚན་གྱིས་རྣམ་གྲངས་ལ་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ནན་པོ་འཁུར་བ་དང་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་ལོ་འཁོར་གྱི་འཆར་གཞིའི་ནང་ད་དུང་ལས་འགོ་ཚུགས་མེད་པའི་གསར་སྐྲུན་རྣམ་གྲངས་161ལ་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ལ་སྐུལ་འདེད་མགྱོགས་པོ་བཏང་ནས“གཟའ་འཁོར་རེར་སྐུལ་འདེད་གཏོང་བ་དང་། ཉིན་རེར་ཚད་བརྒལ་ཡོང་བ། ཟླ་རེར་ལས་འགོ་གསར་པ་འཛུགས་པ”བཅས་བྱེད་དགོས།