རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-04-09   རྩོམ་ཁུངས།   
མཆིན་པ་ནི་མི་ལུས་ཀྱི་ཧ་ཅང་གལ་ཆེ་བའི་དབང་བོ་ཞིག་ཡིན་ཏེ། དེར་དུག་སེལ་བ་དང་རྙིང་ཚབ་གསར་བརྗེ། ཁྲག་གསོ་བ་དང་ཁྲག་གསོག་པ་སོགས་ཀྱི་བྱེད་ནུས་ལྡན།
མཚན་སྐྱེལ་བ་དང་ཆང་འཐུང་བ། མིག་གིས་ཡུན་རིང་དུ་བལྟ་བ། སེམས་ཁམས་མི་དྭངས་བ་སོགས་བདེ་ཐང་མིན་པའི་འཚོ་བ་རོལ་སྟངས་ཀྱིས་མིའི་མཆིན་པར་གནོད་པ་སྐྱེལ་བཞིན་ཡོད། མཆིན་པ་ལ་ནད་ཕོག་ཚེ། ནད་ཕོག་པའི་དུས་འགོར་ང་ཚོར་མངོན་གསལ་གྱི་ནད་རྟགས་མི་འབྱུང་བས་སྣང་མེད་དུ་བསྐྱུར་སླ་བ་དང་། ཆེས་བཟང་བའི་སྨན་བཅོས་ཀྱི་དུས་ཚོད་འདའ་བར་བྱེད།
མཆིན་པ་གསོ་བའི་བྱེད་ཐབས་དང་པོ་ནི་འདང་ངེས་ཀྱི་གཉིད་ལོག་པ་དེ་རེད། མཚན་མོའི་ཆུ་ཚོད11ནས་མཚན་དགོང་གི་ཆུ་ཚོད3པའི་བར་ནི་རྩ་རྒྱུད་མཆིན་པ་དང་མཁྲིས་བར་འཁོར་རྒྱུག་བྱེད་པའི་དུས་ཚོད་རེད། གཉིད་ལོག་པའི་སྐབས་སུ་ལུས་ཕུང་རང་ངོས་ཀྱི་བསྐྱར་གསོའི་རྣམ་པར་གནས་ཡོད། གལ་ཏེ་རྒྱུན་དུ་མཚན་སྐྱེལ་ཏེ་གཉིད་འདང་ངེས་ཞིག་མེད་ན་མི་ལུས་ཀྱི་རིམས་འགོག་ནུས་པ་ཉམས་པ་དང་། མཆིན་པའི་རང་ངོས་ཀྱི་སླར་གསོ་ལ་ཤུགས་རྐྱེན་ཐེབས་ངེས། ན་གཞོན་དང་དར་མ་ཉིན་རེར་ཆུ་ཚོད8ལ་གཉིད་ལོག་དགོས། ལོ60ཡན་གྱི་བགྲེས་པོ་ཆུ་ཚོད7བར་གཉིད་དགོས་པ་དང་། ལོ80ཡན་གྱི་རྒན་རྒོན་ཆུ་ཚོད8ནས9བར་གཉིད་དགོས། ལུས་ཕུང་ཞན་པའི་མི་ཡིས་དེར་བསྟུན་གྱིས་གཉིད་ལོག་པའི་དུས་ཚོད་བཀོད་སྒྲིག་བྱེད་དགོས།
མཆིན་པ་གསོ་བའི་བྱེད་ཐབས་གཉིས་པ་ནི་ཆང་མང་བོ་མི་འཐུང་བ་དེ་ཡིན། དུས་ཡུན་རིང་བོར་ཆང་མང་པོ་འཐུང་ན། ཁྲུན་ཁ་བ་དང་དེའི་མཆེད་སྐྱེས་རྫས་ཆོན་ཁ་བས་མཆིན་པའི་ཕྲ་ཕུང་ཡང་དང་བསྐྱར་དུ་ཚིལ་འགྱུར་རང་བཞིན་དང་གསོད་པ། སླར་སྐྱེ་བཅས་བྱས་ནས་ཆང་རག་ཉིང་ཁུ་རང་བཞིན་གྱི་མཆིན་ནད་བསྐྱེད་པ་སྟེ། དེའི་ནང་ཆང་རག་ཉིང་ཁུ་རང་བཞིན་གྱི་མཆིན་པ་ཚིལ་འགྱུར་དང་ཆང་རག་ཉིང་ཁུ་རང་བཞིན་གྱི་མཆིན་ཚད། མཆིན་པ་ཚི་སྣ་ཅན་དང་མཆིན་པ་སྲ་འགྱུར་བཅས་འབྱུང་བ་ཡིན།
མཆིན་པ་གསོ་བའི་བྱེད་ཐབས་གསུམ་པ་ནི་མིག་ལ་སྲུང་སྐྱོབ་ཡག་པོ་བྱེད་རྒྱུ་དེ་ཡིན། མིག་གི་བདེ་ཐང་དང་མཆིན་པའི་བྱེད་ནུས་ལ་འབྲེལ་བ་དམ་ཟབ་ཡོད། དུས་རྒྱུན་དུ་གློག་ཀླད་བཀོལ་བ་དང་བརྙན་འཕྲིན་ལ་བལྟ་བ། ཁ་པར་བལྟ་བ་དང་དུས་ཡུན་རིང་བོར་དཔེ་ཆར་བལྟ་བ་སོགས་ཀྱིས་མིག་གི་དབང་བོར་ངལ་དུབ་བསྐྱེད་པ་ཡིན། དེས་མཆིན་ཁྲག་མི་འདང་བར་བྱེད།
མཆིན་པ་གསོ་བའི་བྱེད་ཐབས་བཞི་བ་ནི་ཟས་སྤྱོད་ཡག་པོ་བསྟེན་པ་དེ་ཡིན། འཁྱོག་རླམ་རྒྱུ་སེར་པོ་ཡིས་མཆིན་ནད་བསྐྱེད་སླ། རླམ་འགྱུར་གྱི་ཟས་རིགས་སྟེ་དུས་ཡུན་རིང་བོ་འགོར་ཟིན་པའི་ཟས་རིགས་སྟེང་དུ་ཧམ་སྤུ་སྐྱེ་བ་དང་། དེའི་ནང་དུ་འཁྱོག་རླམ་རྒྱུ་སེར་པོ་ཅུང་མང་། ཟས་རིགས་དེ་དག་བཟའ་མི་རུང་། ང་ཚོས་ལ་སེར་དང་སྒོག་པ། པའོ་ཚལ། སྣ་མའི་མེ་ཏོག ཤ་མོ་སོགས་ཀྱི་ཚོད་མ་ལ་བཅུད་ལྡན་ཞིང་མཆིན་པ་གསོ་བར་ཕན།
མཆིན་པ་གསོ་བའི་བྱེད་ཐབས་ལྔ་བ་ནི་སེམས་ཁམས་སྙོམས་སྒྲིག་བྱེད་རྒྱུ་དེ་ཡིན། དེང་སྐབས་འགྲན་རྩོད་དྲག་པས་མི་རྣམས་ཀྱི་སྐྱོ་བ་དང་ཁོང་ཁྲོ་ལངས་བ། སེམས་ཚེགས་བྱེད་པ། སེམས་སྡུག་བྱེད་པ་སོགས་ཀྱི་སེམས་ཁམས་ཀྱིས་མཆིན་པར་གནོད། །