རྒྱལ་ཐང་གི་མི་རིགས་ཁག་གི་མི་དམངས་ཀྱིས་རི་འགོག་དམག་འཁྲུག་ལ་བྱས་རྗེས་བཞག་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-04-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    རི་འགོག་དམག་འཁྲུག་ནང་ཡུན་ནན་ནུབ་བྱང་ས་མཐོར་གནས་པའི་རྒྱལ་ཐང་གིས་ཐོན་སྐྱེད་ནུས་ཤུགས་ཧ་ཅང་རྗེས་ལུས་ཡིན་པ་དང་མི་དམངས་ཀྱི་འཚོ་བ་ཧ་ཅང་དཀའ་ཚེགས་ཆེ་བའི་གནས་ཚུལ་འོག་རི་པིན་ཇག་དམག་ལ་འགོག་རྒོལ་དང་རི་འགོག་དམག་འཁྲུག་ཧུར་ཐག་བྱས་ནས་དམག་བསྡུ་དང་། གཞུང་འབྲུ་འབུལ་བ།ཁྲལ་འབུལ། རྟ་བསྡུ་སོགས་དངོས་ཟོག་དབོར་འདྲེན་གྱི་ལས་འགན་འཁུར་ཡོད།

    1937ལོར་གོ་མིན་རྒྱལ་ཁབ་ཀྱི་སྲིད་གཞུང་གིས་དམག་མི་བཀོལ་སྤྱོད་སྐོར་གྱི་བཅའ་ཁྲིམས་ཀྱི་དོན་ཚན་བཅུ་གཉིས་ཁྱབ་བསྒྲགས་བྱས་ཏེ་ཆུས་གསུམ་པའི་གཙང་པོའི་མཐའ་མཚམས་གང་སར་དར་མ་བསྡམས་ནས་ན་གཞོན་རྣམས་བཙན་ཤེད་ཀྱིས་དམག་མི་བྱེད་དུ་བཅུག་པ་རེད། 1937ལོའི་ཟླ་10པའི་ཚེས་15ཉིན་རྒྱལ་ཐང་གིས་བཀའ་ལྟར་རྒྱལ་སྐྱོབ་གཞུང་བུན་ཞག་འདེབས་བསྡུ་རུབ་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། ཟླ་11པའི་ཚེས་28ཉིན་སྐབས་དེའི་རྫོང་དཔོན་ཏོན་ཡོན་ཙི་ཡིས་རྒྱལ་ཐང་ལས་རིགས་ཁག་གི་དགྲ་འགོག་རྒྱབ་སྐྱོར་ཡན་ལག་ཨུ་ཡོན་ལྷན་ཁང་བཙུགས་པ་རེད།

    ཟླ་12པའི་ཚེས་12ཉིན་ཞིང་ཆེན་སྲིད་གཞུང་གིས་ཞལ་འདེབས་བསྡུ་རྒྱུའི་ལས་འགན་སྒོར་14000གཤམ་སྤྲོད་བྱས་པ་དང་རྒྱལ་ཐང་གི་མི་དམངས་དབུལ་ཞིང་ཕོངས་པས་སྒོར་3600ལས་གོང་འབུལ་ཞུས་མེད།1938ལོའི་ཟླ་1པོའི་ཚེས་28ཉིན་རྒྱལ་ཐང་ལས་རིགས་ཁག་གི་དགྲ་འགོག་རྒྱབ་སྐྱོར་ཚོགས་པ་དེ་རྒྱལ་ཐང་སྐུལ་སློང་ཨུ་ཡོན་ལྷན་ཁང་དུ་བསྒྱུར།

    རི་འགོག་དམག་འཁྲུག་གི་སྐབས་སུ་རྒྱ་གར་དུ་སྡོད་པའི་རྒྱལ་ཐང་གི་བོད་རིགས་མ་ཀྲུའུ་ཚའེ་ཡིས་སྔོན་ལ་ཚོང་པ་དང་རྟ་མི་འབོར་ཆེན་སྐུལ་ཁྲིད་བྱས་ནས། ཡུན་ནན་དང་། བོད་ལྗོངས། དབྱིན་ཇི་བཅས་ཟུར་གསུམ་ཉོ་ཚོང་རྒྱ་སྐྱེད་གཏོང་རོགས་བྱས་ནས་མི་རིགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་རི་འགོག་དམག་འཁྲུག་ལ་རྒྱབ་སྐྱོར་བྱས་ཡོད། ཁོང་གིས་མ་རྩ་གྱ་ནོམ་པ་ཡོད་པའི་བོད་ཀྱི་ཚོང་དུད་ཁ་ཤས་སྐུལ་སློང་བྱས་ནས་ཁྲིམས་དངུལ་སྒོར་ཁྲི་25བསྡུས་ཏེ་རྒྱལ་ཁབ་ལ་དམག་འཐབ་གནམ་གྲུ་གཅིག་ཞལ་འདེབས་ཕུལ་བ་རེད། ཁོང་གིས་གྲོས་འགོ་བཏོན་ནས་རྒྱ་གར་ཀ་ལུན་པའོ་ཡི་གཏན་སྡོད་ཕྱི་མིའི་ཁྲོད་དུ་རི་འགོག་ཟླ་བའི་ཞལ་འདེབས་ཀྱི་བྱེད་སྒོ་སྤེལ་ནས་ཞལ་འདེབས་དེ་ཟླ་རེ་བཞིན་ཅ་ཨེར་ཀེ་ཏར་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་གཞུང་ཚབ་དོན་གཅོད་ཁང་ལ་ཕུལ་ནས་རྒྱལ་ནང་དུ་བརྒྱུད་སྤྲོད་བྱས་པ་རེད།

    རི་འགོག་རྒྱལ་སྐྱོབ་བྱེད་ཆེད་རྒྱལ་ཐང་མི་དམངས་ཀྱིས་བློས་གཏོང་བྱས་པ་དང་།ཁྲག་དྲོན་ལྡན་པའི་གཞོན་ནུ་དམག་མིར་ཞུགས་ནས་དམག་འཐབ་ནང་ཞུགས་ཏེ་དཔའ་ངར་ཆེན་པོས་དགྲ་བོ་བསད་པ་དང་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ཆེད་རང་ཉིད་ཀྱི་ལེགས་སྐྱེས་ཕུལ་ཡོད།

    1941ལོར་ཀྲུང་གོ་དང་རི་པིན་གྱི་དམག་འཁྲུག་དེ་འཆི་གསོན་དང་འབྲེལ་བ་ཡོད་པའི་དུས་སུ་སླེབས་སྐབས་རི་པིན་གྱིས་ནང་སར་སྐྱོད་པའི་རྒྱལ་སྤྱིའི་ཚོང་འགྲུལ་ལམ་བུ་ཚང་མ་བཅད་པ་རེད། སྐབས་དེ་དུས་ཁུན་མིང་ནས་རྒྱལ་ཐང་དང་།དེ་ནས་ལྷ་ས། རྒྱ་གར་གྱི་ཁ་ལི་མུའུ་བར་གྱི་ཇ་རྟ་ཚོང་ལམ་གྱིས་ནུས་པ་གལ་ཆེན་ཐོན་ཡོད། རྒྱལ་ཐང་གི་རྟ་མིས་ལོ་རྒྱུས་ཀྱི་དུས་སྐབས་འདིར་ལོ་རྒྱུས་ཀྱི་གོ་གནས་གལ་ཆེན་བཟུང་ཡོད་ཅིང་། ཕྱོགས་གཅིག་ནས་དེ་ནི་རྒྱལ་ཐང་ནི་རི་འགོག་དམག་འཁྲུག་སྐབས་སུ་ཚོང་པ་ཁྲི་ཕྲག་མང་པོ་འཛོམས་པའི་ཚོང་ལས་ཀྱི་གྲོང་བརྡལ་གལ་ཆེན་ཞིག་ཏུ་གྱུར་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་པ་དང་། ཕྱོགས་གཞན་ཞིག་ནས་རྟ་མི་ཁྲི་ཕྲག་མང་པོས་རི་འགོག་དམག་འཁྲུག་གི་ཆེད་དུ་རང་སྲོག་བློས་ཆེན་པོ་བཏང་བ་རེད། བསྡོམས་རྩིས་རགས་ཙམ་བྱས་པ་ལྟར་ན། 1941ལོ་ཁོ་ནར་རྒྱལ་ཐང་ལ་འགྲོ་འོང་བྱེད་པའི་རྟ་མི་ཁྲི་ལ་ཉེ་བ་ཡོད་པ་དང་། སྐྱེལ་འདྲེན་བྱེད་ཚད་ཏུན་1000ལྷག་ཟིན་པ།ལོ་རེར་སྒོར་ཁྲི་1000ཡས་མས་ཟིན་པ།ཕྱི་ནས་ཡོང་བའི་ཚོང་དུད་240ལྷག་ཡོད། 

    1942ལོར་རི་འགོག་དམག་འཁྲུག་དཀའ་ཚེགས་ཆེ་ཤོས་ཀྱི་དུས་རིམ་དུ་སླེབས་པ་དང་། རི་དམག་གིས་འབར་མའི་དམག་འཁྲུག་བསླངས་ནས་ཡུན་ནན་དང་འབར་མའི་གཞུང་ལམ་ཞེས་པའི་མནའ་མཐུན་རྒྱལ་ཁབ་དེས་ཀྲུང་གོའི་རི་འགོག་དམག་འཁྲུག་ལ་རོགས་སྐྱོར་བྱེད་པའི་སྐམ་སའི་ཐོག་གི་རྒྱལ་སྤྱིའི་སྐྱེལ་འདྲེན་ལམ་ཐིག་ཉག་ཅིག་དེ་བཅད་པ་རེད། ཀྲུང་གོ་སྲིད་གཞུང་གི་འབོད་སྐུལ་འོག་ཨ་དམག་གིས་ཀྲུང་གོའི་ཡུན་ནན་ནས་རྒྱ་གར་བར་ལ་རྒྱལ་སྤྱིའི་འཐབ་ཇུས་ཀྱི་མཁའ་ཐོག་སྐྱེལ་འདྲེན་བགྲོད་ལམ་གསར་པ་ཞིག་བཏོད་ཅིང་། མཁའ་ལམ་དེའི་ཐོག་ས་བབ་མཐོ་བ་དང་ རླུང་ཁམས་ཆེ་བ། རླུང་གནོན་དམའ་བ། གནམ་གཤིས་ཞན་པ།   སྐྱེལ་འདྲེན་འཕྲུལ་འཁོར་ལ་དུས་དང་རྣམ་པ་ཀུན་ཏུ་ལས་འཛོལ་གྱི་ཉེན་ཁ་འཕྲད་ཀྱི་ཡོད། 1942ལོའི་ཟླ་1པོའི་ཚེས་18ཉིན། ཨ་མེ་རི་ཁའི་ཀྲུང་གོར་རོགས་སྐྱོར་བྱེད་པའི་སྟག་འཕུར་རུ་ཁག་གི་དམག་སྤྱོད་གནམ་གྲུ་ཞིག་རྒྱལ་ཐང་གི་རྒྱལ་སྡེ་རུ་ལྷུངས་བ་དང་། གནམ་གྲུའི་སྟེང་གི་མི་བཞི་གདུགས་མཆོང་བྱས་ཏེ་སར་བབས་ཤིང་།རྒྱལ་ཐང་སྲིད་གཞུང་གིས་རྒྱལ་སྡེའི་འགོ་དཔོན་དབྱང་ཧྲི་རུང་མངགས་ནས་སུམ་རྩེན་གླིང་དུ་བསྐྱལ་བ་དང་། དེ་རྗེས་ས་དམ་དུ་བསྐྱལ་བ་རེད། 1945ལོའི་ཟླ་2པའི་ཚེས་12ཉིན། སྐྱ་རེངས་ཤར་དུས།ཨ་མེ་རི་ཁའི་ཀྲུང་གོར་རོགས་སྐྱོར་བྱེད་པའི་གནམ་གྲུ་ཞིག་ས་དམ་དུ་ལྷུང་།གནམ་གྲུའི་ཐོག་གི་ལས་སྒྲུབ་མི་སྣ་5གདུགས་མཆོང་བྱས་རྗེས་སོ་སོར་རྒྱལ་ཐང་ཅིན་ཅང་ཁྲི་ཀྲོའུ་དང་ཧྲི་ཏ་རུ་བབས།སྡེ་གཉིས་ཀྱི་མི་དམངས་ཀྱིས་མྱུར་སྐྱོབ་བྱས་པ་བརྒྱུད་ལི་ཅང་པེ་ཧྲ་རུ་བསྐྱལ་བ་རེད། (པདྨ་མཚོས་བསྒྱུར།)