ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བདེ་ཆེན་གྱི་ས་གནས་གཞུང་ལས་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-04-20   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    ཡུན་ནན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན།  ཟླ་4ཚེས་15ནས་16ཉིན་བར་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བདེ་ཆེན་གྱི་ས་གནས་གཞུང་དོན་སྒྲུབ་པའི་ཚོགས་འདུ་འཚོགས་པ་རེད།   ཚོགས་འདུའི་ཐོག་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འདི་ཉིད་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་ཚད་ཤིང་དང་འཛམ་གླིང་གི་སེམས་ཀྱི་ཉི་ཟླ་གཏོད་པར་ཧུར་ཐག་གིས་འཛུགས་བསྐྲུན་བྱ་དགོས་པར་བསྟན་ཡོད། 

    ཞིང་ཨུའི་ཧྲུའུ་ཅི་རོན་ཁྲེང་ཧྥ་དང་ཧྲེང་ཀྲང་ཝང་ཡུས་པོ་ཡིས་རུ་ཁག་གི་སྣེ་ཁྲིད་དེ་བརྟག་ཞིབ་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།   

    ཚེས་15ཉིན་གྱི་ཕྱི་དྲོ་ཚོགས་ཞུགས་འགོ་ཁྲིད་ཀྱིས་བདེ་ཆེན་ཁུལ་གྱི་འབྲེལ་ཡོད་ཚན་པ་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་བརྟག་ཞིབ་བྱས་པ་རེད།   ཁུལ་སྤྱི་བདེ་ཅུས་བཀོད་འདོམས་ལྟེ་གནས་སུ་རོན་ཁྲེང་ཧྥ་ཡིས་སྤྱི་བདེའི་གྲངས་གཞི་ཆེ་མོའི་རིག་ནུས་ཅན་གྱི་མ་ལག་རིམ་སྤོར་བྱས་ནས་གནད་དོན་ཐག་གཅོད་དང་ནུས་པ་དངོས་འབྲེལ་འདོན་སྤེལ་བྱེད་དགོས་པར་བསྟན།   ནགས་ཕག་མཚོ་འབབ་རྒྱུད་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་ལ་བརྟག་ཞིབ་གནང་སྐབས་རོན་ཁྲེང་ཧྥ་ཡིས་ཕྱིར་འཐེན་དང་།   ཉུང་འཕྲི།   ལེགས་སྒྲིག  བཅོས་སྐྱོང་བཅས་ཞིབ་ཕྲའི་འཆར་འགོད་དང་ལས་ཀའི་བཀོད་སྒྲིག་ཁྲོད་ཞིབ་ཚགས་སུ་བཏང་སྟེ་མཚེའུ་སྲུང་སྐྱོང་བཅོས་སྐྱོང་ཏན་ཏིག་བྱེད་དགོས།   ཤམ་བྷ་ལ་སྤྱི་གླིང་དང་གྲོང་ཁུལ་གྱི་དྲོད་རླངས་མཁོ་འདོན་ས་ཚིགས་སོགས་སུ་རོན་ཁྲེང་ཧྥ་ཡིས་བདེ་ཆེན་ཁུལ་གྱི་མི་རིགས་ཆོས་ལུགས་དང་།  གྲོང་ཁྱེར་འཛུགས་སྐྲུན།  དྲོད་རླངས་མཁོ་འདོན་རྣམ་གྲངས་འཛུགས་སྐྲུན་སོགས་ཀྱི་ལས་ཀའི་གནས་ཚུལ་ཤེས་རྟོགས་གནང་བ་རེད།

ཚེས་16ཉིན་གྱི་སྔ་དྲོ་རོན་ཁྲེང་ཧྥ་ཡིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་བདེ་ཆེན་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་དང་བརྟག་ཞིབ་ཚོགས་ཆུང་གི་དུས་འགོའི་བརྟག་ཞིབ་བྱས་ཚུལ་གྱི་སྙན་ཞུ་ལ་གསན་པ་རེད།   

    རོན་ཁྲེང་ཧྥ་ཡིས་བདེ་ཆེན་ཁུལ་ནི་ཡུན་ནན་ནུབ་རྒྱུད་ཀྱི་ཡུལ་སྐོར་ལམ་ཐིག་ཆེ་མོའི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་ཞིང་།  དེར་འཛམ་གླིང་རིམ་པའི་རང་བྱུང་མཛེས་ལྗོངས་དང་།   སྣ་མང་ཕུན་སུམ་ཚོགས་པའི་མི་རིགས་རིག་གནས།  སྣ་མང་ཕུན་སུམ་ཚོགས་པའི་སྐྱེ་ཁམས་ཐོན་ཁུངས་བཅས་ཡོད་པས་རང་རྒྱལ་དང་རང་ཞིང་གི་སྐྱེ་ཁམས་བདེ་འཇགས་ཆགས་སྟངས་ཁྲོད་དམིགས་བསལ་གྱི་གནས་བབ་གལ་ཆེན་ལྡན་ཡོད།   སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་།  མི་རིགས་ཁ་ཕྲལ་ལ་ངོ་རྒོལ།  ཡུན་རིང་བདེ་འཁོད་འགན་ལེན་བཅས་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་འཁུར་ཡོད།   དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ཁྲིམས་ལྟར་བོད་སྐྱོང་དང་།  དམངས་ཕྱུག་བོད་དར།  ཡུན་རིང་བོད་འཛུགས།  མི་སེམས་གཅིག་སྒྲིལ།  རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་མཐའ་འཁྱོངས་ཀྱིས་ཐོག་མཐའ་བར་གསུམ་དུ་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་།  མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན།  ཡུན་རིང་བདེ་འཁོད་འགན་ལེན་བཅས་ཀྱི་སྤྱི་ཡོངས་ལ་བརྩི་སྲུང་ཞུས་ནས་བདེ་ཆེན་འདི་ཉིད་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་ཚད་ཤིང་དང་འཛམ་གླིང་གི་སེམས་ཀྱི་ཉི་ཟླ་ཞིག་ཏུ་ཧུར་ཐག་གིས་བསྐྲུན་དགོས་པར་བསྟན།

རོན་ཁྲེང་ཧྥ་ཡིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་དང་གྲོང་གསེབ་དར་རྒྱས་ཀྱི་སྦྲེལ་མཐུད་ནུས་ལྡན་བྱས་ནས་མི་རིགས་ཁག་གི་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱེད་དགོས། གྲོང་གསེབ་འཛུགས་སྐྲུན་གྱི་བྱེད་སྒོ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས་ཚད་གཞི་མཐོ་པོ་དང་འགོ་འཛུགས་ས་མཐོ་པོའི་ཐོག་ནས་ས་ཞིང་ཕྱོགས་བསྡུས་གསར་གཏོད་ལ་དམ་འཛིན་ཡག་པོ་བྱེད་དགོས།   

    རོན་ཁྲེང་ཧྥ་ཡིས་འཛམ་གླིང་གི་སེམས་ཀྱི་ཉི་ཟླ་གཏོད་ནས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་རྩེར་སོན་དང་སྤུས་ལེགས་མཐའ་འཁྱོངས་ཀྱིས་ཚད་གཞི་རྩེ་གྲར་གཞིགས་ནས་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་དང་།  རྣམ་གྲངས་གལ་ཆེན་ལ་སྐུལ་འདེད་གཏོང་བ།  རྩེར་སོན་ཨར་ཁང་འཛུགས་པ།  དོ་དམ་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་བདེ་ཆེན་འདི་ཉིད་འཛམ་གླིང་ཐོག་རྩེར་སོན་གྱི་ཡུལ་སྐོར་གནས་མཆོག་ཅིག་ཏུ་མགྱོགས་མྱུར་བསྐྲུན་དགོས་ཞེས་གསུངས།   

    རོན་ཁྲེང་ཧྥ་ཡིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱ་རྒྱུ་དེ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་སྐྱེ་ཁམས་ནུས་པའི་ཁུལ་འཛུགས་སྐྲུན་བྱེད་སྒོ་དང་།  ནགས་ཚལ་སྲུང་སྐྱོང་དང་སྔོ་འགྱུར་བྱེད་སྒོ།  འདམ་རའི་རྩྭ་ཐང་སྲུང་སྐྱོང་བྱེད་སྒོ།  གཙང་པོ་གཉིས་རྒྱུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་བྱེད་སྒོ།  སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་སྒོ།  ས་གཤིས་གནོད་འཚེ་འགོག་བཅོས་བྱེད་སྒོ་བཅས་ལག་བསྟར་བྱས་ནས་གངས་ལྗོངས་ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་དགོས།   

    རོན་ཁྲེང་ཧྥ་ཡིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་།  དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་དགོས།  ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་དང་།  གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་ཆེ་རུ་གཏོང་བ།  མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གསར་གཏོད་ཁྱོན་ཡོངས་ནས་གཏིང་ཟབ་དང་རྒྱུན་སྲིང་ངང་སྤེལ་བ་བཅས་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་གངས་ལྗོངས་ས་མཐོར་བཞད་ཐུབ་པ་བྱེད་དགོས་ཞེས་གསུངས།   

    རོན་ཁྲེང་ཧྥ་ཡིས་བདེ་ཆེན་ཁུལ་གྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་གི་འགོ་ཁྲིད་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་།  ཏང་འཛུགས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བ།  ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་ཡག་པོ་སྤེལ་བ།  བློ་དཀར་སེམས་དཀར་དང་།  སྤྱོད་པ་གཙང་བ།  འགན་འཁུར་ཕོད་པ་བཅས་ཀྱི་ཉམས་སད་ཐེག་ཐུབ་པའི་དཔུང་ཁག་ཅིག་གཏོད་དགོས།  ཞིང་ཆེན་རིམ་པའི་སྡེ་ཚན་དང་འབྲེལ་ཡོད་ཁུལ་དང་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་འགན་ལེན་ལས་དོན་ཡག་པོ་སྒྲུབ་པ་དང་།  ཁ་གཏད་རོགས་སྐྱོར་གཏིང་ཟབ་བྱེད་པ།  སྲིད་ཇུས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ།  ནུས་ཤུགས་ཡོད་རྒུས་དཀའ་ངལ་དངོས་ཐག་གཅོད་བྱེད་རོགས་བཅས་བྱེད་དགོས།   བདེ་ཆེན་ཁུལ་གྱིས་དཀའ་སྤྱད་སྙིང་རུས་དང་དཀའ་སྤྱད་འབད་བརྩོན་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་རོགས་སྐྱོར་དེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་འགྱུར་བ་བྱས་ཏེ་བདེ་ཆེན་ཁུལ་འདི་ཉིད་དེ་བས་ལེགས་པའི་སྒོ་ནས་འཕེལ་རྒྱས་དང་འཛུགས་སྐྲུན་ཐུབ་པ་བྱེད་དགོས།   

    ཝང་ཡུས་པོ་ཡིས་བདེ་ཆེན་ཁུལ་གྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཞིར་བཟུང་།  ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཐད་སྔོན་ལ་སྐྱོད་པ་དང་དཔེ་སྟོན་བྱས་ནས་འགན་འཁྲིའི་འདུ་ཤེས་དང་སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་བཏང་སྟེ་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་བདེ་ཆེན་དང་ཁྲིམས་སྐྱོང་བདེ་ཆེན་འཛུགས་སྐྲུན་བྱེད་དགོས།  རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་།  ས་མཐོའི་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་མགྱོགས་པོ་གཏོང་བ།  རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་རྒྱུར་ཤུགས་རྒྱག་པ།  ཁྲོམ་ར་ཅན་གྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པ།  ཁྲོམ་རའི་བྱེད་པོ་སྐྱེད་སྲིང་ཤུགས་ཆེན་བྱེད་པ།  ཁྲོམ་རའི་མ་ལག་འཐུས་ཚང་དུ་གཏོང་བ།  ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་བཅས་བྱས་ནས་སྲིད་གཞུང་གི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་དགོས།   མི་རིགས་མཐུན་སྒྲིལ་ཡར་ཐོན་ཐད་སྔོན་ལ་སྐྱོད་པ་དང་དཔེ་སྟོན་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་སྲོག་རྩ་བརྟན་པོ་བསྲུངས་ནས་འཕེལ་རྒྱས་ཡར་ཐོན་གྱི་སྤྱིའི་ལྡེ་མིག་དམ་པོར་བཟུང་སྟེ་ཕུགས་ཀྱི་ཐབས་ཇུས་མང་ཙམ་འདིང་བ་དང་རྩ་བ་བརྟན་དུ་གཏོང་བའི་བྱེད་སྒོ་མང་ཙམ་སྤེལ་ནས་མི་རིགས་ཁག་གི་མང་ཚོགས་ལ་ཏང་གི་བཀའ་དྲིན་ཚོར་ཐུབ་པ་དང་།  ཏང་གི་བཀའ་ལ་ཉན་པ།  ཏང་གི་རྗེས་སུ་འབྲང་ཐུབ་པ་བཅས་ཀྱི་ཁྲིད་སྟོན་བྱེད་དགོས།   སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ཐད་སྔོན་ལ་སྐྱོད་པ་དང་དཔེ་སྟོན་བྱས་ཏེ་སྲུང་སྐྱོང་གི་རྩ་དོན་དང་པོ་མཐའ་འཁྱོངས་ཀྱིས་གཙོ་གནད་སྐྱེ་ཁམས་འདུ་འགོད་ལག་ལེན་བསྟར་བ་དང་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་མཛེས་སྡུག་ལྡན་པའི་བདེ་ཆེན་གྱི་འཕེལ་རྒྱས་ཀྱི་ལྟེ་བའི་སྤུས་རྟགས་དང་དམིགས་བསལ་ལེགས་ཆ་ཞིག་ཏུ་འགྱུར་བ་བྱེད་དགོས།   རིམ་པ་ཁག་གི་ལས་བྱེད་པས་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་།  འཕེལ་རྒྱས་ཀྱི་གནས་སྟངས།  འཕེལ་རྒྱས་ཀྱི་ཐབས་ལམ་བཅས་ཁོང་དུ་གནད་འཁེལ་ཆུད་པར་བྱེད་པ་དང་།  ཏང་གཤིས་དང་།  འཐབ་རྩོད་ཀྱི་སྙིང་སྟོབས།  སྤྱོད་ཚུལ་ནན་པོ་བཅས་ཀྱི་སྒོ་ནས་དོན་འཁྱོལ་དམ་འཛིན་ཡག་པོ་བྱས་ཏེ།  ལས་དོན་ཁག་ཚང་མ་ཆད་ལུས་མེད་པར་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས་པར་བསྟན།

    ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པ།  ཞིང་ཆེན་སྲིད་གཞུང་དང་ཞིང་ཆེན་སྲིད་གྲོས་ཀྱི་འབྲེལ་ཡོད་འགོ་ཁྲིད་ཚོགས་འདུར་ཞུགས་ཡོད།