རྫ་ནག་ལའི་(资纳拉)དམག་འཐབ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-04-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        དེ་ཡང་རྒྱལ་ཐང་གྲོས་ཚོགས་ཀྱི་དགོངས་དོན་ལྟར།  ཟླ་5པའི་ཚེས་5ཉིན།   དམར་དམག་དཔུང་ཚོགས་གཉིས་པས་རྒྱལ་ཐང་རྫོང་མཁར་ནས་ཁ་བྲལ་ཏེ་ཉི་ཤར་བརྒྱུད་བ་དང་སྡེ་རོང་གི་ཕྱོགས་སུ་སྐྱོད།  ཨ་ཆུང་ཆོད་འཛིན།  བྲག་དཀར་ཕྱག་མཛོད།  སྐས་ཞིང་ཐོག་ཆོད་འཛིན། སྐུ་ཤོག་སྡེ་དཔོན་སོགས་ཀྱིས་སྐུ་ཤོག་དང་སྤང་རྩ། མཁར་རྒྱང་དང་ཤོག་ཁ་བཞིའི་བོད་དམག་300ལྷག་ཁྲིད་ནས་མེ་མདའ་100དང་རྫས་མདའ་200ཁྱེར་ཏེ་སྒམ་སྐྱུར་(上桥头)གྲོང་པའི་རྫ་ནག་ལ་ཁར་དམར་དམག་བཀག་པར་སོང་།

        ཟླ་5པའི་ཚེས་7ཉིན་གྱི་ཞོགས་པར།  དམར་དམག་ཧྲི་ལྔ་པའི་གདོང་ལེན་དམག་དཔུང་སྒམ་སྐྱུར་གྲོང་པར་འབྱོར་པ་དང་། ཤིང་ལེབ་གཅིག་གི་ཐོག་དམར་དམག་གི་དམག་དཔོན་ལགས།  ང་ཚོ་སྒམ་སྐྱུར་གྲོང་པར་དུད་ཚང་དབུལ་པོ་18ལས་མེད་ལ།  འདི་ནས་རི་འགོར་བྲོས་བྱོལ་བྱས་སོང་།  སྒམ་སྐྱུར་གྲོང་པའི་ནང་ཁྱོད་ཚོ་ལ་གབ་འཛིང་བྱེད་པའི་ཇག་པ་མེད།  སྒམ་སྐྱུར་གྲོང་པའི་ཁ་སྤྲོད་ཀྱི་རྫ་ནག་ལའི་སྟེང་ཁྱོད་ཚོ་ལ་གབ་འཛིང་བྱེད་པའི་ཇག་པ་ཡོད། དོགས་ཟོན་བྱེད་རོགས།  བདེ་མོ་ཡོང་བའི་སྨོན་འདུན་ཞུ་ཞེས་བྲིས་ཡོད་པར་མཐོང་།   ཧྲི་ལྔ་པའི་ཚན་མོའུ་ཀྲང་ཐང་ཧྥུ་ལིན་(汤福林)གྱིས་བློ་མཐུན་ཡོངས་ལ་དམག་འཐབ་ཀྱི་གྲ་སྒྲིག་ཡག་པོ་བྱེད་དགོས་པའི་བཀའ་བསྩལ།    རྫ་ནག་ལ་ཁར་སླེབས་ལ་ཉེ་བའི་སྐབས་སུ་གློ་བུར་མེ་མདའི་སྒྲ་བསྒྲགས་ཏེ་དམག་མི་གཉིས་ལ་མེ་མདའ་ཕོག་ནས་ཤི་བ་དང་།  དེའི་རྗེས་སུ་རི་ལུང་ཀུན་ཏུ་རྡོ་འགྲིལ་བྱུང་། དམར་དམག་གི་མེ་མདའ་སྦག་སྦག་ཕའེ་གཅིག་གིས་མྱུར་དུ་རྫ་ནག་ལའི་ཁ་སྤྲོད་ཀྱི་སྒམ་སྐྱུར་གྲོང་པའི་ལུང་པ་དོག་རིའི་སྟེང་སོང་བ་དང་།  ཕའེ་གཞན་པ་གཉིས་སྒང་ཆུ་བརྒྱུད་ནས་ལྷོ་ཕྱོགས་ཀྱི་བྲག་མགོར་འཛེགས་པ།   ཆུར་བརྒྱུད་པའི་དམར་དམག་གིས་དགྲ་བོའི་དམག་རའི་མདུན་དུ་རྒྱུགས་པ་དང་།  ཇག་པ་བཅོ་ལྔ་བཅུ་དྲུག་ཙམ་གྱིས་ལ་ཁ་བརྒྱུད་ནས་རྒྱག་ཞོར་དུ་ཕྱིར་ནུར་པ།  ཐང་ཧྥུ་ལིན་གྱིས་དམག་མི་ཁྲིད་ནས་རྗེས་སུ་དམ་པོར་བསྙེགས་པ།  བྱེ་མ་སྒང་རི་འདབས་སུ་བསྙེགས་སྐབས་དམག་མི་དག་གིས་བྲག་གཞོང་དེད་ནས་ལ་ཁར་འཛེགས་པ།

        སྐབས་དེར་འཇོལ་བའི་རྒྱུན་གྲབས་ལན་དང་འབའ་ལུང་མཐའ་ཆུའི་ཆུས་ཀྲང་ཝང་ཀྲའོ་ལིན་(王兆麟)གྱི་ཡུལ་དམག་སྒ་ལམ་ཤོག་གྲོང་པར་འཛོམས་པ་དང་།  མེ་མདའ་རྒྱབ་ཞོར་དུ་སྐད་སྒྲོག་པ།  དམར་དམག་གིས་རྫ་ནག་ལ་ནས་མེ་སྒྱོགས་གསུམ་རྒྱབ་སྟེ་ས་བདག་གྲལ་རིམ་བུ་གཡར་ཚང་གི་ཁང་པའི་ཐོག་ཕོག་པ་རེད།དེ་ནས་ཡུལ་དམག་དག་གང་སར་བྲོས་པ། ཨ་ཆུང་ཆོད་འཛིན་གྱིས་བྲག་གཞོང་ནས་འཛེགས་པའི་དམར་དམག་མཐོང་ནས་མེ་མདའ་རྒྱབ་པས་དམག་མི་གསུམ་མདེའུ་ཕོག་ནས་ཤི་བ།   ཐང་ཧྥུ་ལིན་གྱིས་མེ་མདའི་སྒྲ་མི་འགྲིག་པར་ཚོར་ཏེ་ཁ་ཕྱིར་འཁོར་ནས་རི་རྩར་བལྟས་དུས་བྲང་ཁར་མདེའུ་ཕོག་པ་རེད།  དམག་འཐབ་འདིར་དམག་མི་བཅུ་ཙམ་བློས་བཏང་པ་རེད།

        ཟླ་5པའི་ཚེས་8ཉིན།  དམར་དམག་དཔུང་ཚོགས་གཉིས་པ་ཡིས་སྒམ་སྐྱུར་གྲོང་པར་འགོག་རྐྱེན་མེད་པར་བཟོས་ནས་རྫ་ནག་ལ་བརྒལ་ཏེ་སྡེ་རོང་གི་ཕྱོགས་སུ་སྐྱོད་པ།  ཟླ་5པའི་ཚེས་10ཉིན།  དམར་དམག་དཔུང་ཚོགས་གཉིས་པའི་གདོང་ལེན་དམག་དཔུང་སྡེ་རོང་རྫོང་དུ་འབྱོར་པ་རེད།

         དམར་དམག་དཔུང་ཚོགས་དྲུག་པ་ཡིས་ཟླ་5པའི་ཚེས་9ཉིན་རྒྱལ་ཐང་ནས་ཁ་བྲལ་བ་དང་།  སྐད་ཚགས་དང་ཕྱག་ཕྲེང་གི་ཕྱོགས་སུ་སྐྱོད་པ།  ཟླ་5པའི་ཚེས་10ཉིན།  དམར་དམག་དཔུང་ཚོགས་དྲུག་པའི་གདོང་ལེན་དམག་དཔུང་གིས་འགོམ་སྟོད་(翁上)ཀྱི་ས་བབ་སྨི་4000ཙམ་ཡོད་པའི་གངས་ལ་(小雪山)བརྒལ་བ་དང་སྔོ་ཤོད་(翁水)དུ་ཞག་སྡོད་པ་རེད།  ཟླ་5པའི་ཚེས་12ཉིན།  དམར་དམག་དཔུང་ཚོགས་དྲུག་པའི་གདོང་ལེན་དམག་དཔུང་གིས་སྔོ་ཤོད་ཀྱི་རྫ་ལ་(咱浪大雪山)བརྒལ་ནས་ཉིན་དེའི་ཕྱི་དྲོར་ཕྱག་ཕྲེང་རྫོང་དུ་འབྱོར་པ།  ཟླ་5པའི་ཚེས་13ཉིན།  དམར་དམག་དཔུང་ཚོགས་དྲུག་པའི་དཔུང་སྡེ་ཆེན་པོ་རྒྱལ་ཐང་རྫོང་མཁར་ནས་ཁ་བྲལ་བ་དང་ཕྱག་ཕྲེང་གི་ཕྱོགས་སུ་སྐྱོད་པ།  ཟླ་5པའི་ཚེས་14ཉིན།  དམར་དམག་དཔུང་ཚོགས་དྲུག་པའི་དམག་དཔུང་ཡོངས་ཕྱག་ཕྲེང་རྫོང་དུ་འབྱོར་པ་དང་།  སྐབས་དེར་དམར་དམག་དཔུང་ཚོགས་གཉིས་པ་དང་དྲུག་པའི་དམག་དཔུང་ཡོངས་ཡུན་ནན་ནས་ཁ་བྲལ་བ་དང་ཁམས་ཀྱི་ནུབ་ཕྱོགས་སུ་འབྱོར་པ་རེད།