གཞན་ལ་ཕྲག་དོག་བྱེད་པ་ལས་རང་གི་སྙིང་རུས་བརྟན་ན་དགའ།

རྩོམ་པ་པོ།   འཇམ་པོས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2021-05-11   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་གསར་འགྱུར།

    གཞན་ལ་ཕྲག་དོག་གི་མདུང་རྩེ་གཏོད་པ་ལས་རང་ལ་སྙིང་རུས་ཀྱི་དབུ་རྨོག་གྱོན་ན་དགའ།

    ཀྲའོ་ཧུའེ་ཧྥེང་གིས་བརྩམས། འཇམ་པོས་བསྒྱུར།

    སྔོན་ས་ཆ་ཞིག་ན་འཕུར་ན་དལ་མགྱོགས་ཡོད་པའི་བྱ་རྒོད་གཉིས་ཡོད་ཅིང་། འཕུར་དལ་བའི་བྱ་དེས་ནམ་རྒྱུན་འཕུར་མགྱོགས་པའི་བྱ་རྒོད་དེར་ཕྲག་དོག་བྱེད་པ་རེད། ཐེངས་ཤིག འཕུར་དལ་བའི་བྱ་དེས་རྔོན་པ་ཞིག་ལ་ན་རེ། ཁྱེད་ཀྱིས་མདུན་གྱི་འཕུར་མགྱོགས་པའི་བྱ་དེ་གསོད་དགོས་ཞེས་གྲོས་མོལ་བྱེད་སྐབས། རྔོན་པ་ཁོའི་རེ་བར་མོས་མཐུན་བྱུང་མོད། འོན་ཀྱང་རྔོན་པས་ཁོ་ལ་ཆ་རྐྱེན་ཞིག་བཏོན། ཆ་རྐྱེན་ནི་མདའ་ཡི་ཚབ་ལ་ཁོའི་བྱ་སྒྲོ་ཞིག་བལ་ནས་འཕེན་རྒྱུ་དེ་ཡིན། ཁོས་དེ་མ་ཐག་ཁས་ལེན་བྱས། ཡིན་ཡང་ཐེངས་དང་པོར་མ་ཕོག་པས། ཡང་བྱ་སྒྲོ་ཞིག་བལ་ནས་འཕངས་མོད་སྔར་བཞིན་འབེན་ལ་མ་ཕོག དེ་བཞིན། ཐེངས་མང་ཞིག་ལ་མ་ཕོག་སྟབས། བྱ་སྒྲོའང་རྐང་རེ་རེ་བཞིན་བལ་ནས་ཚར་སོང་། མཇུག་མཐར། འཕུར་དལ་བའི་བྱ་དེ་འཕུར་ཐབས་མེད་པའི་གནས་སུ་ལྷུང་ཞིང་།རྔོན་པ་དེའི་ཁ་ཟས་སུ་གྱུར་ཏོ། །ང་ཚོའི་སློབ་སྦྱོང་གི་འཚོ་བའི་ཁྲོད་དུའང་། གཏམ་རྒྱུད་ནང་གི་འཕུར་དལ་བའི་བྱ་དེ་ནང་བཞིན། རྟག་པར་གཞན་དག་རང་ཉིད་ལས་རྒྱལ་བར་བློ་མི་བདེ་ཞིང་། གཞན་ལ་གྲུབ་འབྲས་ལེགས་པོ་དང་བསྟོད་ར་ཐོབ་ཚེ། གོང་བཀུར་དང་མིག་ལྟོས་མི་བྱེད་པར་མ་ཟད། ད་དུང་ཕྲག་དོག་གིས་སྦྱོར་བ་ངན་པ་མང་དུ་རྩོམ་གྱིན་ཡོད། དེ་ནི་དཔེ་མཚོན་ཅན་གྱི་ཕྲག་དོག་གི་སེམས་ཁམས་ཤིག་སྟེ། སློབ་མའི་ཁྲོད་རྒྱུན་དུ་མཐོང་བའི་སེམས་ཀྱི་སྣང་ཚུལ་མི་ལེགས་པ་ཞིག་རེད།དོན་དུ་སྐབས་མང་པོ་ཞིག་ལ་ཕྲག་དོག་གིས་ང་ཚོ་རང་ཉིད་ལ་གནོད་པ་སྐྱེལ་གྱིན་ཡོད་དེ། སྐྱེ་བོ་སུས་ཀྱང་རང་ཉིད་ཀྱིས་བསྒྲུབས་པའི་བྱ་བ་དེ་རབ་ཏུ་འཁྱོངས་ན་འདོད་མོད། འོན་ཀྱང་དེ་འདྲ་ཞིག་དཀོན་ཞིང་། ལ་ལ་ཞིག་གིས་འབད་བརྩོན་ལྷོད་མེད་བྱས་ཀྱང་རང་ཉིད་ཇེ་ལེགས་སུ་འགྲོ་བ་ཙམ་ཡིན། ང་ཚོ་འཚར་ལོངས་འབྱུང་བའི་ཁྲོད་རང་ཉིད་ལས་ཁྱད་དུ་འཕགས་པའི་སྐྱེ་བོ་མང་པོར་འཕྲད་སྲིད། དེའི་ཚེ། ང་ཚོས་ཁོ་ཚོའི་ཁྱད་འཕགས་ལ་ཡིད་སྨོན་སྐྱེས་ཞོར་ཕྲག་དོག་གི་སེམས་ཁམས་ཤིག་ཀྱང་ཏན་ཏན་སྐྱེ་སྲིད། ད་ལྟའི་ང་ཚོ་ནི་ལང་ཚོ་དར་ལ་བབས་པའི་དུས་སུ་ཡོད་པས། ང་ཚོས་རང་ཉིད་ཀྱི་ནང་སེམས་ཀྱི་འཇིག་རྟེན་ལ་གསར་རྟོགས་བྱེད་ཅིང་། མཐའ་འཁོར་གྱི་བྱ་དངོས་དང་བསྡུར་བར་དགའ་ལ། རང་བསྟོད་དང་གཞན་གྱིས་གདེང་འཇོག་བྱེད་པར་ཚོར་བ་སྐྱེན་པོ་ཡོད་པར་མ་ཟད། རང་བཀུར་གྱི་བསམ་པའང་མངོན་གསལ་དོད་པོ་ཡིན། ཡིན་ཡང་སྐབས་འདིའི་ང་ཚོ་ནི་ལུས་སེམས་ད་དུང་སྨིན་ཐག་ཆོད་མེད་པས། རང་ཉིད་ལ་གདེང་འཇོག་ཤུགས་དྲགས་པ་དང་རང་བཀུར་གྱི་བསམ་པ་ཆེར་ཡོད་ཕྱིར། དེ་འདྲའི་རང་སྣང་ཆེ་བའི་བསམ་པ་ནི་གཞན་གྱི་ལེགས་ཆར་སློབ་སྦྱོང་བྱེད་པའི་གེགས་སུ་འགྱུར་སླ། ལྷག་པར་དུ་གཞན་གྱིས་རབ་ཏུ་འཁྱོངས་ཡོད་པ་མཐོང་ཚེ། ངའོ་སྙམ་པའི་བློ་དེ་ཤུགས་ཆེ་རུ་འགྲོ་བ་དང་གཞན་ལ་བརྩི་བཀུར་བྱེད་པའི་བསམ་པ་རྩ་ནས་མེད་པར། ཕྲག་དོག་གི་སེམས་བྱུང་དེའང་རང་ཤུགས་སུ་འཕེལ་ཡོང་།ཕྲག་དོག་ནི་ཤིན་ཏུ་འཇིགས་སུ་རུང་བ་ཞིག་སྟེ། དེས་མི་ལ་བློ་ཁོག་དོག་པོར་བཟོ་བ་དང་ལྟ་རྒྱ་ཆུང་དུ་འཇུག་སྲིད། དེ་ལས་ཀྱང་ཚབས་ཆེ་བ་ནི། གལ་ཏེ་དུས་ཡུན་རིང་པོར་ཕྲག་དོག་གི་བསམ་པ་སྐྱེས་ན།གཏིང་ནས་ཡི་མུག་ཅིང་སྡུག་བསྔལ་བཟོད་དུ་མེད་པ་ཡོང་ངེས། རྟག་པར་སློབ་གྲོགས་གཞན་པ་ལ་ཕྲག་དོག་བྱས་ཚེ། གཞན་གྱི་ཡོན་ཏན་སྐྱོན་དུ་མཐོང་བའི་ཁྲོད་ནས་རང་གི་དུས་ཚོད་ཤོར་འགྲོ་ལ། རང་གི་སྐྱོ་སྣང་དེའང་གཞན་གྱི་གྲུབ་འབྲས་ལ་སྦྱར་ནས། མཐའ་མར་ཐོབ་ཡོང་བ་ནི་སྐྱོ་བ་དང་སུན་སྣང་གིས་གཙེས་པའི་སྡུག་བསྔལ་འབའ་ཞིག་གོ། །
    ཁཱ་ལཱ་དང་ཏའེ་ཞི་གཉིས་ནི་སྒྱུ་རྩལ་སློབ་གྲྭ་ཞིག་གི་འཛིན་གྲྭ་དང་མལ་ཁང་གཅིག་པའི་སློབ་གྲོགས་ཡིན། སློབ་ཞུགས་བྱས་ནས་ཅུང་མ་འགོར་བར། ལུས་དང་གྲིབ་མ་ལྟ་བུའི་གྲོགས་པོར་གྱུར། ཁཱ་ལཱ་ནི་གྲུང་པོ་སྤྲོ་ལྡན་དང་བློ་བག་ཡངས་པོ་ཅན་ཞིག་ཡིན་ལ། ཏའེ་ཞི་ནི་ཁ་གྲག་རྒྱུར་མི་དགའ་བ་ཞིག་ཡིན། དུས་ཚོད་མང་པོ་འགོར་བ་ན། ཏའེ་ཞིའི་བསམ་པར་རང་ཉིད་ནི་གག་ཕྲུག་བཙོག་པོ་ཞིག་དང་འདྲ་བར་ཕྱོགས་གང་ཐད་ནས་ཁཱ་ལཱ་དང་འགྲན་ཐབས་མེད་པ་དང་། ཁཱ་ལཱ་ནི་མཛེས་སྡུག་ལྡན་པའི་སྲས་མོ་ཞིག་དང་འདྲ་བར་གང་ན་ཡང་བཟང་བསྟོད་དང་མཚན་སྙན་ཡོད་སྙམ་མུར་སེམས་ཀྱང་མི་སྐྱིད་པར་སོང་ཞིང་། དུས་དེ་ནས་བཟུང་ཁཱ་ལཱ་ལ་སྡང་མགོ་བརྩམས། ཐེངས་ཤིག ཁཱ་ལཱ་སློབ་གྲྭའི་མཛེས་རྩལ་འགྲན་སྡུར་ནང་ཞུགས་ཏེ་བྱ་དགའ་ཨང་དང་པོ་བླངས། ཏའེ་ཞི་ཡིས་ཐོས་རྗེས། གྲོགས་པོར་བྱ་དགའ་ཐོབ་པ་ལ་དགའ་བ་ཙམ་ཡང་མེད་པར་མ་ཟད། ལྡོག་སྟེ་སྡུག་བསྔལ་བཟོད་གླགས་མེད་པ་སྐྱེས་ཏེ། ཕྲག་དོག་གི་མེ་ལྕེ་རབ་ཏུ་འབར་ཞིང་། ཁཱ་ལཱ་མལ་ཁང་དུ་མེད་པའི་སྐབས་དང་བསྟུན་ནས། འགྲན་ཞུགས་ལ་ཆེད་དུ་བྲིས་པའི་བརྩམས་ཆོས་དག་དུམ་བུར་གཤགས་ནས་ཁཱ་ལཱའི་མལ་ཁྲིའི་སྟེང་དུ་གཏོར།


    མི་གཞན་གྱིས་རབ་ཏུ་འཁྱོངས་ཡོད་པ་མཐོང་ཚེ། ང་ཚོར་ཡིད་སྨོན་དང་ཕྲག་དོག མི་བཟོད་པ་ལྟ་བུའི་ཚོར་བ་གཡོལ་དཀའ་བ་ཞིག་སྐྱེ་སྲིད་མོད། འོན་ཀྱང་གཞན་གྱི་ཡོན་ཏན་གྱིས་ང་ཚོར་གྲུབ་འབྲས་ཐོབ་པར་བར་ཆད་མི་བཟོ་བས། རང་གིས་རང་ལ་དཔའ་བའི་སྙིང་ཕུར་གདབ་རྒྱུ་ནི་གནད་ཀྱི་དམ་པ་ལགས། གཤམ་དུ་དེའི་སྐོར་ནས་ཕྱོགས་འགའ་གླེང་བ་ལ།    གཅིག རང་ངོ་ཡང་དག་ཅིག་ཟིན་དགོས། ཕྲག་དོག་ཅན་གྱི་མི་ལ་ངའོ་སྙམ་པའི་སྣང་བ་མཐོ་བས། གཞན་དེ་རང་ལས་བཟང་བ་མཐོང་ཚེ་སེམས་སུ་མི་བཟོད་པའི་ཚོར་བ་སྡུག་བསྔལ་བ་མང་པོ་སྐྱེ་བཞིན་ཡོད། དོན་དུ་སྐྱེ་བོ་སུར་ཡང་སོ་སོའི་ཡོན་ཏན་དང་ཞན་ཆ་ཡོད་པས། ཕན་ཚུན་གྱི་ནུས་པ་དང་ཆུ་ཚད་ལས་སླ་མོས་བསྡུར་མི་རུང་། ཁྱད་འཕགས་སྐྱེ་བོ་སོ་སོའི་རྒྱབ་ལོགས་ན་དཀའ་ངལ་ཁྱད་དུ་བསད་པའི་རྔུལ་ཆུ་གྲངས་མེད་ཅིག་ཡོད་པ་རྟོགས་དགོས།
    གཉིས། འགྲན་རྩོད་ལ་ལྟ་སྟངས་ཡང་དག་ཅིག་འཛིན་དགོས། སེམས་ཁམས་རིག་པ་སྨྲ་བས་ཕྲག་དོག་གི་ཡོངས་ཁུངས་ནི་ལྷན་ནུས་ཤིག་རེད་ཅེས་གསུངས་པས། ན་གཞོན་ཚོར་འགྲན་རྩོད་ཁྲོད་ཕྲག་དོག་གི་སེམས་ཁམས་ཙམ་ཡོད་པ་ནི་རྒྱུན་ལྡན་ཡིན། འགྲན་རྩོད་ནི་སྤྱོད་ངན་ཞིག་མིན་པར། དེས་མི་ལ་ཡར་སྐུལ་གཏོང་ཞིང་།མི་ཞིག་ཡར་རྒྱས་འགྲོ་མིན་གྱི་གནད་དེའང་འགྲན་རྩོད་ལ་ལྟ་བ་ཅི་འདྲ་འཛིན་པ་ལ་རག་ལས་ཡོད། སློབ་གྲོགས་མང་པོར་ཕམ་ཁ་ཐོབ་རྗེས། ལ་རྒྱ་ཅི་ཡང་མེད་པར་མ་ཟད། ཐ་ན་ལྐོག་ནས་གཞན་ལ་གཏོར་བརླག་བྱེད་སྲིད། དེ་འདྲ་བྱས་ཚེ་ང་ཚོ་ཡར་རྒྱས་འགྲོ་ཐབས་མེད་པས། ང་ཚོས་ལེགས་ཆ་དང་ཞན་ཆ་ལ་ཚོད་དཔག་ཡང་དག་བྱས་ཏེ་གནས་སྐབས་སུ་ཕམ་ཁ་ཐོབ་པ་དེར་བརྟེན་ནས་རང་ཉིད་ལ་ད་དུང་སློབ་སྦྱོང་བྱེད་དགོས་སའི་ཆ་མང་པོ་ཡོད་པ་ཤེས་དགོས།
    གསུམ། རང་ཉིད་ལ་སེམས་གསོ་བྱེད་ཤེས་དགོས། སྐབས་ལན་རེར་ང་ཚོས་སོས་དལ་བག་ཕེབས་དང་སྤྲོ་བའི་ངང་ནས་དོན་དག་ཅིག་གི་བརྒྱུད་རིམ་ལ་ཞིབ་རྟོག་བྱས་ཏེ།རང་ཉིད་གཞན་ལས་ཁྱད་དུ་འཕགས་པར་ང་རྒྱལ་མི་སྐྱེ་བ་དང་། གཞན་དེ་རང་ཉིད་ལས་ཁྱད་དུ་འཕགས་པར་ཡང་ཕྲག་དོག་མི་བྱེད་པར། གཞན་གྱི་གྲུབ་འབྲས་ལ་རོལ་མྱོང་དང་གཞན་གྱི་སྤྲོ་སྐྱིད་མཉམ་རོལ་བྱེད་དགོས།
    བཞི། ཕྲག་དོག་གི་སེམས་ཁམས་ཞི་བར་བརྩོན་པ། ཕྲག་དོག་ནི་རང་ཉིད་འབུར་ཐོན་གྱི་མཚོན་ཚུལ་ཞིག་ཡིན། དུས་རྒྱུན་འཚོ་བའི་ཁྲོད་བྱ་དངོས་གང་ལ་འཇུག་ཀྱང་ཐོག་མར་རང་ཉིད་ཀྱི་ཐོབ་ཤོར་ལ་བསམ་བློ་གཏོང་སྲིད་པས། མཇུག་འབྲས་མི་ལེགས་པ་མང་པོ་འབྱུང་སྲིད། དེའི་ཕྱིར། ཕྲག་དོག་གི་མྱུ་གུ་འབུས་མགོར། ང་ཚོས་རང་ཉིད་ལ་མི་ཚེ་ཁྲོད་ཆེས་གལ་ཆེ་བ་ནི་ཧུར་ཐག་གིས་ནང་དུ་ཞུགས་པ་དང་སྤྲོ་སྐྱིད་ཀྱི་སེམས་ཁམས་ཤིག་ཡོད་རྒྱུ་དེ་ཡིན་ཞེས་དྲན་སྐུལ་བྱས་ནས། ཕྲག་དོག་གི་སེམས་ཁམས་ཞི་བར་བྱས་ཐོག་གཞན་གྱི་གྲུབ་འབྲས་ལ་ལྟ་བ་ཡང་དག་འཛིན་དགོས།
    ལྔ། ཐུན་མོང་གི་བྱ་འགུལ་མང་པོར་ཞུགས་ནས་འཚོ་བ་ཕུན་ཚོགས་སུ་གཏོང་དགོས། ཕྲག་དོག་ནི་གཞན་གྱི་ཁྱད་འཕགས་ཐོབ་པར་འདོད་པའི་སྒེར་སེམས་ཤིག་ཡིན་པས། ངཚོས་བསམ་གཤིས་མཐོ་རུ་བཏང་ནས་ཁེ་ཕན་རིང་ལུགས་ཀྱི་སྒེར་སེམས་འཆིང་རྒྱ་གཏོར་དགོས་ཤིང་། ཆབས་ཅིག་ཏུ་དགའ་ཕྱོགས་མང་པོ་གསོ་སྐྱོང་དང་ཐུན་མོང་གི་བྱ་འགུལ་མང་པོར་ཞུགས་ནས། རང་ཉིད་ཀྱི་ཡིད་ཆེས་ཇེ་བརྟན་དང་འཚོ་བ་ཕུན་སུམ་ཚོགས་པར་འབད་འབུངས་བགྱིས་ན། ཕྲག་དོག་གི་སེམས་ཁམས་ཀྱང་རང་བཞིན་གྱིས་ཞི་བར་འགྱུར་རོ། །