དམངས་ཀྱི་སེམས་ཁོང་གི་སྨན་པ་བཟང་པོ་ཁྲེན་ལི་མིང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-07-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

      ཁྲེན་ལི་མིང་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྐད་ཚགས་ཤང་འཕྲོད་བསྟེན་ཁང་གི་འགོ་ཁྲིད་ཡིན་ཞིང་། ལོ་གང་མང་རིང་དཔྱིད་དབྱར་སྟོན་དགུན་མེད་པར་ཁོང་གིས་ཕྲག་པའི་སྟེང་སྨན་སྒམ་ཁུར་ནས་གྲོང་མིར་ནད་ལྟ་བའི་ལམ་དུ་ཡོད་ལ།ཁོང་གིས་དཀའ་བ་དང་དཀའ་སྡུག་ལ་མི་འཛེམ་པར་རང་ཉིད་ཀྱི་ནུས་ཤུགས་ཡོད་དགུ་བཏོན་ནས་ནད་པར་བརྟག་དཔྱད་བྱེད་ཀྱི་ཡོད།  ཁོང་ནི་མི་དམངས་མང་ཚོགས་ཀྱི་སེམས་ཁོང་གི་སྨན་པ་བཟང་པོ་ཡིན་པ་རེད།

    གསོ་རིག་སློབ་གླིང་ནས་སློབ་མཐར་ཕྱིན་རྗེས། ཁྲེན་ལི་མིང་གིས་སྐད་ཚགས་ཤང་འཕྲོད་བསྟེན་ཁང་དུ་རྒྱུགས་སྤྲད་པ་དང་།འཕྲོད་བསྟེན་ཁང་དུ་ཞུགས་པའི་ཉིན་དེ་ནས་བཟུང་། ཁྲེན་ལི་མིང་གིས་རང་ཉིད་སྨན་པའི་ཀུན་སྤྱོད་བཟང་ལ་ལག་རྩལ་བཟང་བའི་སྨན་པ་ཞིག་ཏུ་འགྱུར་རྒྱུར་འབད་བརྩོན་བྱས་ནས། ལོ་ཁ་ཤས་ནང་ཁྲེན་ལི་མིང་རྐང་འཛིན་སྨན་པ་ཞིག་ཏུ་གྱུར་བ་རེད། 

    དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་པ་ནས་བཟུང་ཁྲེན་ལི་མིང་གིས་སྨན་དོན་ལས་དོན་པ་ཡོངས་ཀྱི་སྣེ་ཁྲིད་དེ་བདེ་ཐང་དབུལ་སྐྱོར་ལས་དོན་ལ་སྐུལ་འདེད་བཏང་ཞིང་།གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་བདེ་ཐང་དབུལ་སྐྱོར་སྲིད་ཇུས་དྲིལ་བསྒྲགས་བྱས་ནས་ཁྱིམ་ཚང་སྨན་པའི་གན་རྒྱ་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་རེད། གཞི་རྩའི་སྨན་བཅོས་ཞབས་ཞུ་སྤེལ་བ། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དང་།ནད་པ་བཞི་དང་བགྲེས་སོང་གཅིག(ཁྲག་ཤེད་མཐོ་བ་དང་།གཅིན་སྙི་ཟགས་ཁུའི་ནད།བསམ་པའི་འགལ་རྐྱེན་ཚབས་ཆེན།ལོ་65ཡན་གྱི་རྒན་རྒོན)འཆར་ལྡན་བུ་བཙའི་དམིགས་བསལ་ཁྱིམ་ཚང་། དབང་པོ་སྐྱོན་ཅན། ལོ་1ནས་6བར་གྱི་བྱིས་པ་སོགས་ལ་དུས་ཚིགས་རེར་དུས་ཚོད་གཏན་འཁེལ་གྱིས་གཟུགས་པོ་བརྟག་དཔྱད་བྱས་པ་དང་།ཐག་རིང་ལུང་ཁུག་གི་བོད་རིགས་མང་ཚོགས་ལ་རིན་མེད་ངང་སྨན་རྫས་སྤྲོད་ཀྱི་ཡོད། མི་རེར་ནད་ཆེན་ཆེད་དོན་སྐྱོབ་བཅོས་ཀྱི་ཡིག་ཚགས་རེ་བཟོ་བའི་ཇུས་གཞི་བཙུགས་ནས་བདེ་ཐང་དབུལ་སྐྱོར་དངོས་འབྲེལ་དོན་ཐོག་ཏུ་འཁྱོལ་བ་བྱས་ཡོད།

    ལོ་ལྟར་ཟླ་6པར་སླེབས་རྗེས། སྐད་ཚགས་ཤང་གི་མང་ཚོགས་མང་ཆེ་བས་རི་འགོར་དབྱར་རྩྭ་དགུན་འབུ་དང་ཤ་མོ་འཐུ་བར་འགྲོ་གི་ཡོད། ཁོང་ཚོས་རི་འགོ་བསྐྱོད་དེ་མང་ཚོགས་ལ་སྨན་བཅོས་བྱེད་པ་དང་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་གྱི་ཡོད།རྗེས་སུ་ཁྲེན་ལི་མིང་གིས་རི་སྟེང་དུ་མང་ཚོགས་ལ་སྨན་པ་དཀོན་པ་དང་། རི་འདབས་སུ་སྨན་བཅོས་བྱེད་པར་བསྐྱོད་རྒྱུར་སྟབས་ཧ་ཅང་བདེ་པོ་མེད་པ་ཤེས་རྟོགས་བྱུང་རྗེས།ཞིབ་འཇུག་བྱས་པ་བརྒྱུད།སྐད་ཚགས་འཕྲོད་བསྟེན་ཁང་གིས་རི་འདབས་སུ“གཅེས་སེམས་སྨན་བཅོས་བྱ་ཡུལ”བཙུགས་ཡོད།  དེ་འདྲ་བྱས་ནས་རི་འགོར་དབྱར་རྩྭ་དགུན་འབུ་དང་བེ་ཤ་འཚོལ་མཁན་མང་ཚོགས་དང་ཕྱུགས་འཚོ་མཁན་གྱི་མང་ཚོགས་རྣམས་སྟབས་བདེ་བསྐྲུན་ཡོད་པ་རེད། ཁྲེན་ལི་མིང་གླེང་སྐབས་མང་ཚོགས་ཚོས་མཐེ་བོང་བསྒྲེངས་ནས་མི་དམངས་ཀྱི་སྨན་པ་བཟང་པོ་ཞེས་བསྔགས་བརྗོད་བྱེད་ཀྱི་ཡོད།

    ཁྲེན་ལི་མིང་གི་ཕུགས་འདུན་ཆེ་ཤོས་ནི་མིག་སྔའི་སྨན་ཁང་གི་ད་ཡོད་ཀྱི་ལག་རྩལ་སྟོབས་ཤུགས་དང་ཆ་རྐྱེན་ལ་འགྱུར་ལྡོག་བཏང་ནས་མི་དམངས་རྣམས་རང་ཁྱིམ་གྱི་སྒོ་འགྲམ་དུ་དེ་མཚུངས་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ལོངས་སྤྱོད་ཐུབ་པ་བྱ་རྒྱུ་དེ་རེད། ཟླ་རེའི་ཚེས་10ཉིན་ནི་སྐད་ཚགས་ཤང་ལང་ཏུའུ་གྲོང་ཚོར་སྔོན་འགོག་སྨན་ཁབ་རྒྱག་པའི་ཉིན་མོ་ཡིན་ཞིང་། 2018ལོའི་ཟླ་9པར་ཁོང་གིས་རྒྱུན་གཏན་ལྟར་ལང་ཏུའུ་གྲོང་ཚོར་བྱིས་པར་སྔོན་འགོག་སྨན་ཁབ་རྒྱག་གི་ཡོད་མོད། འོན་ཀྱང་ཆར་ཆུ་ཧ་ཅང་མང་པོ་ཡོད་པས་ཉིན་མང་པོར་ཆར་པ་བབས་པའི་རྐྱེན་གྱིས་ལང་ཏུའུ་གྲོང་ཚོར་སྐྱོད་པའི་ལམ་བུ་རི་ཉིལ་ནས་ལམ་ཆད་པ་དང་། ལམ་བུའི་ཐོག་རྡོ་མང་པོ་བསགས་པས་འགྲིམ་འགྲུལ་ཆད་པའི་རླངས་འཁོར་གནས་སྐབས་རྒྱུན་གཏན་ལྟར་གཏོང་ཐབས་བྲལ་བར་བརྟེན་སྨན་དོན་མི་སྣ་གཤམ་སྐྱོད་བྱེད་པར་དཀའ་ངལ་ཆེན་པོར་འཕྲད་་བྱུང་། 

     ལང་ཏུའུ་སྡེ་བའི་བྱིས་པས་དུས་ལྟར་རིམས་འགོག་སྨན་ཁབ་རྒྱག་ཐུབ་ཆེད། ཁོང་གིས་སི་ཁྲོན་ཕྱག་ཕྲང་གི་ཕྱོགས་སུ་ལང་ཏུའུ་གྲོང་ཚོར་བསྐྱོད་རྒྱུའི་ཐག་བཅད། སེམས་ཀྱི་ཉི་ཟླའི་གྲོང་ཁུལ་དང་།འཇོལ་རྫོང་ཀོང་རྩེ་རགས་གྲོང་རྡལ། སྡེ་རོང་རྫོང་ཝ་ཁ་ཤང་། སི་ཁྲོན་ཕྱག་ཕྲེང་རྫོང་། འདབ་པ་རྫོང་བཅས་བརྒྱུད་དགོས་ཀྱི་ཡོད། ལམ་ཐག་སྤྱི་ལེ་300ལྷག་ཙམ་བསྐྱོད་པ་དང་ལམ་རྒྱུད་དུ་རི་ཉིལ་བ་མང་པོ་ཡོད་པས་རླངས་འཁོར་གྲོང་ཚོའི་འཕྲོད་བསྟེན་ཁང་དུ་སྐྱོད་ཐུབ་ཀྱི་མེད། རླངས་འཁོར་ཐོག་རིམས་འགོག་སྨན་ཁབ་ཡོད་པ་དང་ཉེ་འགྲམ་དུ་མགྲོན་ཁང་མེད་སྟབས་རི་ཉིལ་སར་སྤྱི་ལེ་32ཡོད་པའི་འདབ་པ་རྫོང་གི་ཤང་གྲོང་འཕྲོད་བསྟེན་ཁང་གི་ཡོན་ཀྲང་དང་འབྲེལ་བ་བྱས་རྗེས་རིམས་འགོག་སྨན་ཁབ་འཕྲོད་བསྟེན་ཁང་གི་གྲང་ཕྲེང་ཁང་དུ་བཅོལ་དགོས་ཀྱི་ཡོད་པ་རེད། ཉིན་གཉིས་པར་ལང་ཏུའུ་གྲོང་ཚོའི་ཀྲུའུ་རེན་གྱི་རོགས་རམ་འོག་འཕྲོད་བསྟེན་ཁང་དུ་བདེ་བླག་ངང་སླེབས་ནས་ས་གནས་དེ་གའི་བྱིས་པར་རིམས་འགོག་སྨན་ཁབ་བརྒྱབ་པ་རེད། 

     ད་ལོའི་ཏང་བཙུགས་དུས་ཆེན་དུ། ཁྲེན་ལི་མིང་ལ་བདེ་ཆེན་ཁུལ་གྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་མཚན་སྙན་ཐོབ་པ་རེད།