རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-07-26   རྩོམ་ཁུངས།    ཁམས་པའི་དྲ་བ།
སྤྱི་ཟླ7པའི་ཚེས13ནས17ཉིན་གྱི་བར། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་སྔོན་རྗེས་སུ་དཀར་མཛེས་ཁུལ་གྱི་ལྕགས་ཟམ་དང་དར་མདོ། རྟའུ། བྲག་མགོ། དཀར་མཛེས་རྫོང་བཅས་སུ་གཟིགས་ཞིབ་ཕེབས་པ་དང་འབྲེལ་ཆོས་དོན་བྱེད་སྒོ་སྤེལ་བ་རེད།
ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཐེན་ཞང་ལི་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དབྱང་ཁེ་ལིང་། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་བཅས་ལྷན་ཕེབས་ངང་རྟོག་ཞིབ་ཏུ་ཞུགས་ཡོད།
འདི་ནི་ལོ16བརྒལ་རྗེས་པཎ་ཆེན་ཡང་བསྐྱར་རང་ཁུལ་དུ་འཚམས་འདྲིར་ཕེབས་པ་ཡིན། རང་ཁུལ་དུ་གཟིགས་ཞིབ་གནང་རིང་། པཎ་ཆེན་ཉིད་དམར་དམག་གིས་ལྕགས་ཟམ་འཕྲོག་ལེན་བྱས་པའི་དྲན་གསོ་ཁང་དང་དམར་དམག་འབུམ་ཤོག་བཅོ་བརྒྱད་པའི་ས་དུང་ཁྱུ་ཚོགས་ཀྱི་རྗེས་ཤུལ། སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེ་དང་དགེ་རྟག་སྤྲུལ་སྐུ་སྐུ་ཕྲེང་ལྔ་པའི་དྲན་གསོ་ཁང་བཅས་སུ་ཕེབས་ནས་སྒྲོག་འགྲེལ་བྱེད་པར་གསན་འཇོག་གནང་བ་དང་། གསར་བརྗེའི་རིག་དངོས་ལ་གཟིགས་པ། དཀར་མཛེས་ཁུལ་གྱི་རྒྱུད་འཛིན་ཉམས་པ་མེད་པའི་གསར་བརྗེའི་རིག་གནས་ཤེས་རྟོགས་གནང་བ་རེད། ཁྲོན་བོད་ལྕགས་ལམ་ལྕགས་ཟམ་ཟམ་ཆེན་གྱི་ལས་གཞི་པུའུ་རུ་ཕེབས་ནས་ཨར་ལས་ཚད་རིམ་ལས་བརྒལ་བས་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་སྟོབས་ཤུགས་གཅིག་བསྡུས་ཀྱིས་དོན་ཆེན་སྒྲུབ་ཐུབ་པའི་ལེགས་ཆ་ཆེན་པོ་མངོན་ཐུབ་པ་ལ་མྱོང་ཚོར་གནང་། དཀར་མཛེས་ཁུལ་དངོས་མང་བཤམས་སྟོན་ཁང་དང་རྟའུ་རྫོང་མར་ཟུར་ཡུལ་ཤོག་སྐུན་བུ་གྲོང་སྡེ། ཁམས་པའི་མཐོ་སྒང་སྐྱེ་དངོས་གླིང་། བྲག་མགོ་རྫོང་ཞིང་ལས་ས་ཁོངས་བརྒལ་བའི་ཐོན་ལས་གླིང་ཁུལ་བཅས་སུ་ཕེབས་ནས་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་དང་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་གཏོང་བ། ཁྱོན་ཡོངས་ནས་ཡུལ་སྡེ་དར་རྒྱས་གཏོང་བ་བཅས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་བ་རེད།
པཎ་ཆེན་མཆོག་གིས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་ཞིང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྙིང་ཐག་པ་ནས་དགའ་པོ་བྱུང་ཞེས་གསུངས། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་སྲ་བརྟན་གནང་འོག་དཀར་མཛེས་ཁུལ་གྱི་ས་གཞི་ཆེན་མོར་འཕོ་འགྱུར་གནམ་ས་བླ་འོག་བསྒྱུར་བ་ལྟ་བུ་བྱུང་ཞིང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་ཡོད། འཕོ་འགྱུར་འདི་དག་ནི་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས། ཏང་གི་འོད་སྟོང་འཕྲོ་བའི་མི་རིགས་སྲིད་ཇུས་བཅས་ལས་ཐོབ་པའི་གྲུབ་འབྲས་རེད། ང་ཚོས་ཀྲུང་གོ་གུང་ཁྲན་ཏང་ལ་དགའ་ཞེན་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བཅངས་པའི་གདེང་ཚོད་སྔར་བས་བརྟན་དུ་གཏང་དགོས་ཤིང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ། སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་བཅས་ཡོང་བར་རང་གིས་བྱས་རྗེས་དེ་བས་ཆེན་པོ་འབུལ་དགོས། གནས་མཆོག་དཀར་མཛེས་ཁུལ་གྱི་བྱ་གཞག་ཁག་དབྱར་མཚོ་བཞིན་རྒྱས་པ་དང་དཀར་མཛེས་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་ཉིན་རེ་བཞིན་བདེ་སྐྱིད་ལྡན་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
གཟིགས་ཞིབ་ཁྲོད་དུ། པཎ་ཆེན་མཆོག་དར་མདོ་གྲོང་ཁྱེར་སྐྱིད་ལེགས་དགོན་དང་། དཀར་མཛེས་རྫོང་གི་བེ་རི་དགོན་དང་དར་རྒྱས་དགོན་བཅས་སུ་ཆོས་འཇལ་ཕེབས་པ་དང་འབྲེལ་བཀའ་ཆོས་གནང་ཞིང་། སི་ཁྲོན་བོད་སྐད་ནང་བསྟན་སློབ་གླིང་དཀར་མཛེས་ཡན་ལག་སློབ་གླིང་འཛུགས་སྐྲུན་བྱས་ཚུལ་གྱི་ངོ་སྤྲོད་ལ་གསན་འཇོག་གནང་བ་དང་། དཀར་མཛེས་ཁུལ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་གྲུབ་མཐའ་ཁག་གི་འཐུས་ཚབ་མི་སྣ25དང་རང་རྒྱལ་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པའི་སྐོར་ལ་དམིགས་ནས་བཞུགས་མོལ་གནང་བ་རེད། ཁོང་གིས་གསུངས་དོན། བོད་བརྒྱུད་ནང་བསྟན་ཆོས་ལུགས་དེ་རྒྱལ་ཁྲིམས་ཀྱི་བླང་བྱ་དང་དུས་རབས་ཀྱི་བླང་བྱ། མི་དམངས་ཀྱི་བླང་བྱ། ཤེས་དཔལ་གྱི་འཕེལ་རྒྱས་བཅས་དང་བསྟུན་ཐུབ་ཚེ། གཞི་ནས་སྐྱོན་བྲལ་སྒྲིག་ལམ་ལྡན་པའི་ངང་གོང་འཕེལ་ཡོང་ཐུབ། བོད་བརྒྱུད་ནང་བསྟན་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣས་སྤྱི་ཁོག་གི་བསམ་གཞིག་དང་མིག་རྒྱང་དེ་བས་ཡངས་པོའི་སྒོ་ནས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འཕེལ་རྒྱས་དང་འབྱུར་འགྱུར་ལ་བསམ་བློ་གཏང་དགོས་ཤིང་། རང་ངོས་དཔེ་སྟོན་དང་ཤེས་སྤྱོད་ཟུང་སྦྲེལ། ཁ་ཞེ་གཉིས་མེད་ཀྱིས་རྒྱ་ཆེ་བའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ལ་སྣེ་ཁྲིད་དང་མཐུན་སྒྲིལ་ཡག་པོ་བྱས་ཏེ། བོད་བརྒྱུད་ནང་བསྟན་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཕྲོད་པར་སྐུལ་འདེད་རྒྱུན་ཆད་མེད་པར་གཏང་དགོས། བོད་བརྒྱུད་ནང་བསྟན་ཆོས་ལུགས་ལས་རིགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་མཐའ་གཅིག་ཏུ་བརྩི་སྲུང་ཞུ་དགོས་པ་དང་། ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རང་རྟོགས་ངང་རྒྱུན་འཁྱོངས་དང་། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་གཟི་བརྗིད་ཆེ་བ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། མེས་རྒྱལ་དང་སེམས་ཅན་ཐམས་ཅད་ལ་ཞབས་འདེགས་དེ་བས་ཡག་པོ་ཞུ་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན། སྤྱི་ཚོགས་བརྟན་ལྷིང་མཐུན་སྒྲིལ་སྲུང་སྐྱོང་དེ་བས་ཡག་པོ་བྱེད་ཅིང་། རྒྱ་ཆེ་བའི་དད་ལྡན་མང་ཚོགས་ཀྱིས་བརྩོན་འགྲུས་དང་བློ་རིག། ཧུར་སེམས། བྱམས་སེམས་བཅས་དེ་བས་ཆེན་པོས་འཚོ་བར་ཁ་ཕྱོགས་པ་དང་། ཁྱིམ་གཞིས་ལ་དགའ་ཞེན་བྱེད་པ་བཅས་ལ་བསམ་པའི་སྒུལ་ཤུགས་འདོན་དགོས།
ཧྲེན་དབྱང་གིས་པཎ་ཆེན་མཆོག་རང་ཁུལ་དུ་གཟིགས་ཞིབ་ཕེབས་པར་སྤྲོ་སེམས་འཕེལ་བའི་དགའ་བསུ་ཞུ་བ་དང་། པཎ་ཆེན་གྱིས་དུས་ཡུན་རིང་པོར་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་དང་བརྟན་བརླིང་། ལྷག་པར་དུ་མི་རིགས་ཆོས་ལུགས་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུས་པ་རེད། ཧྲེན་དབྱང་གིས་གསུངས་དོན། དཀར་མཛེས་ཁུལ་གྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དེ་བས་དམ་ཟབ་བྱེད་ཅིང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་དང་ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་བཀོད་སྒྲིག་དོན་འཁྱོལ་ཏན་ཏིག་བྱེད་པ་དང་། མི་དམངས་ལ་བདེ་སྐྱིད་འཚོ་བ་དོན་དུ་གཉེར་རྒྱུ་མཐའ་གཅིག་ཏུ་སེམས་ལ་འཆང་བ་དང་། བརྟན་བརླིང་དང་འཕེལ་རྒྱས། སྐྱེ་ཁམས། དམངས་འཚོ་བཅས་ཀྱི་ལས་དོན་ཁག་གཅིག་གྱུར་འཆར་འགོད་ཀྱིས་དམ་འཛིན་ཡག་པོ་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་འཆང་ཞིང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་རིག་གནས་ཀྱི་མ་ལག་ཏུ་ཧུར་ཐག་གིས་ཞུགས་ཏེ། མེས་རྒྱལ་གཅིག་གྱུར་ཡོང་བར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་བྱེད་ཤུགས་ཆེ་རུ་གཏོང་བར་དཀར་མཛེས་ཁུལ་གྱི་བྱས་རྗེས་བཞག་དགོས། པཎ་ཆེན་མཆོག་གིས་སྔར་བཞིན་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་གནང་བ་དང་། ལྷག་པར་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱ་རྒྱུ་དང་། བོད་བརྒྱུད་ནང་བསྟན་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཕྲོད་པར་སྣེ་ཁྲིད་བྱེད་པ་སོགས་ཀྱི་ཐད་ལ་དགེ་མཚན་ལྡན་པའི་ནུས་པ་འདོན་པའི་རེ་བཡོད།
ཁུལ་མགོ་ཁྲིད་ཞའོ་ཡིའུ་ཚའེ་དང་བྱང་ཆུབ། ཧྲུན་ཏ་ཁྲུན། ཧྥུང་ཧྥ་ཀུའེ། ཧྲི་ཀང་། ལིའུ་ཅི་ཞང་། སྐལ་བཟང་། ཏེང་ལི་ཅུན། ལེ་ཅན་ཕིང་། ཝང་ཡུ་ཆུང་། སངས་དགའ་བཅས་འབྲེལ་ཡོད་རྟོག་ཞིབ་བྱེད་སྒོར་ཞུགས།