སའི་གོ་ལའི་གནམ་གཤིས་ཇེ་དྲོར་གྱུར་པའི་འོག་གི་མདོ་དབུས་མཐོ་སྒང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-08-05   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།

    འཛམ་གླིང་ཡང་རྩེ་ཞེས་འབོད་པའི་མདོ་དབུས་མཐོ་སྒང་གི་ས་བབ་མཐོ་ཞིང་། ས་ཆ་མང་ཤོས་སའི་གོ་ལའི་ལྷོ་སྣེ་དང་བྱང་སྣེ་བཞིན་དུ་གྲང་ངར་ཆེ་ལ། ཚེ་སྲོག་གི་སྐྱེ་སྟོབས་ཞན་པའི་དབང་གིས། སའི་གོ་ལའི“སྣེ་གསུམ་པ”ཞེས་མིང་ཐོགས་ཡོད།རི་ཀླུང་ཐམས་ཅད་གངས་ཀྱིས་བཀླུབས་པ་ནི་ས་ཆ་དེ་གསུམ་གྱི་ཐུན་མོང་གི་ཁྱད་ཆོས་ཡིན། དོན་དངོས་སུ། ཀླུང་ཐང་དུ་ཡོད་པའི་མི་རྣམས་ལ་ཆ་བཞག་ནས་བཤད་ན། མདོ་དབུས་མཐོ་སྒང་ནི་ཧ་ཅང་གྲང་ངར་ཆེ་བའི་ས་ཆ་ཞིག་ཡིན་ནའང་། རང་གི་གནས་ཡུལ་དེ་མདོ་དབུས་མཐོ་སྒང་གི་ས་བབ་མཐོ་ཚད་དང་མཉམ་པའི་རླུང་ཁམས་ཆེན་མོའི་གནས་ཤིག་ལ་ཐོན་པར་བྱས་ན། ད་གཟོད་མདོ་དབུས་མཐོ་སྒང་གི་ས་ངོས་དྲོད་ཚད་ནི་ཉེ་འཁོར་གྱི་རླུང་ཁམས་ཆེན་མོའི་དྲོད་ཚད་ལས་མཐོ་བ་མངོན་གསལ་ཡིན་པ་ཤེས།ད་དུང་། མདོ་དབུས་མཐོ་སྒང་གི་ཉི་འོད་འགྱེད་འཕྲོ་བསྡུ་ལེན་གྱི་དུས་ཡུན་ཧ་ཅང་རིང་བ་དང་། ཉི་འོད་གྲོང་ཞེས་འབོད་པའི་ལྷ་ས་གྲོང་ཁྱེར་ལ་མཚོན་ན། ལོ་རེའི་ཆ་སྙོམས་ཀྱི་ཉི་འོད་ཕོག་ཚད་ཀྱི་སྤྱིའི་གྲངས་ཀ་ནི་ཆུ་ཚོད3000ལས་བརྒལ་བ་དང་། ཆ་སྙོམས་བྱས་ན། ཉིན་རེར་ཆུ་ཚོད8དང་སྐར་མ15ཙམ་གྱི་རིང་ལ་ཉི་འོད་ཕོག་ཡོད།

མདོ་དབུས་མཐོ་སྒང་གི་འཁྱག་ཀླུང་ཞུ་བའི་རྣམ་པ།པར་རིས་ཞིན་ཧྭ་དྲ་བ་ལས་དྲངས།  

    ཀྲུང་གོའི་ཚན་རིག་གླིང་རླུང་ཁམས་ཆེན་མོའི་དངོས་ལུགས་ཞིབ་འཇུགས་ཁང་གི་ཞིབ་འཇུག་པ་ཧོང་ཀང་དང་ཞིབ་འཇུག་པ་གཞོན་པ་ཆུས་ཞ་སོགས་ཀྱི་ཞིབ་འཇུག་ཅིག་ཏུ། རླུང་ཁམས་ཆེན་མོའི་ནང་གི་དབྱང་གཉིས་ཐཱན་རྫས་ཀྱི་འདུས་ཚད་ཇེ་མཐོར་ཕྱིན་པ་དང་བསྟུན་ནས། དབྱར་དུས་ཀྱི་མདོ་དབུས་མཐོ་སྒང་གི་ཚ་ཁུངས་ཇེ་ཆེ་ལ་འགྲོ་བ་ཤེས་རྟོགས་བྱུང་།མཐོ་སྒང་རང་ངོས་ཀྱི་སྐྱེ་ཁམས་ཁོར་ཡུག་ཧ་ཅང་ཉམ་ཐག་ཡིན་སྟབས། མཐོ་སྒང་གི་ཚ་ཁུངས་ནུས་པ་ཇེ་ཆེར་ཕྱིར་ན། ཤན་ཤུགས་ཟློག་ཐབས་མེད་པ་རབ་དང་རིམ་པ་ཞིག་འབྱུང་བ་རེད། མདོ་དབུས་མཐོ་སྒང་འདི་ཚྭ་མེད་ཆུ་ཡི་མགོ་ཁུངས་གཙོ་བོ་ཞིག་དང་འདི་རུ་འཁྱག་ཀླུང་མང་པོ་ཡོད་པས། སའི་གོ་ལའི་གནམ་གཤིས་ཇེ་དྲོར་གྱུར་ན། འཁྱག་ཀླུང་ཇེ་ཉུང་དུ་འགྲོ་ལ་གངས་ཀྱང་ཞུ་བ་དང་བསྟུན་ནས། སྨད་རྒྱུད་ཀྱི་རྨ་ཆུ་དང་འབྲི་ཆུ་སོགས་ཀྱི་བཞུར་ཚད་ལ་ཤན་ཤུགས་ཐེབས་ཏེ་ཉེ་འཁོར་གྲོང་ཁྱེར་གྱི་ཆུ་འདོན་མ་ལག་དང་བཟའ་བཅའི་བདེ་འཇགས། ནུས་ཁུངས་ཐོན་སྐྱེད་བཅས་ལ་ཤུགས་རྐྱེན་སྔར་ལས་ལྷག་པ་ཐེབས་པ་རེད།ལྟ་ཞིབ་ཚད་འཇལ་ལས་གསལ་བ་ལྟར་ན། དུས་རབས་གཅིག་ཀྱང་མ་འགོར་བའི་ནང་ལ། ཞིན་ཏུའུ་ཁའོ་ཧྲི་ཧི་མ་ལ་ཡ་ས་ཁུལ(兴都库什喜马拉雅地区)ནི་འཁྱག་ཀླུང་གིས་ཁེངས་པ་ཞིག་ནས་བྲག་རྡོ་ཅན་གྱི་ས་ཆ་ཞིག་ཏུ་གྱུར་པ་རེད། མཐོ་སྒང་གི་འཁྱག་ཀླུང་དང་ལོ་མང་ཁེངས་ས་ཞུ་བ་ན། གནའ་བོའི་དུས་སྐབས་སུ་ས་འོག་ཏུ་བཅུག་པའི་སྐྱེ་ལྡན་ཐཱན་རྣམས་དབྱང་གཉིས་ཐཱན་རྫས་དང་ཀ་ཝན་སོགས་ཀྱི་རྣམ་པ་ནས་ཕྱིར་འདོན་སྟབས། སའི་གོ་ལའི་གནམ་གཤིས་ཇེ་དྲོར་འགྱུར་ཚད་སྔར་ལས་ཇེ་དྲག་ཏུ་འགྱུར་སྲིད་པ་རེད


    ཨ་རིའི་ནུབ་བྱང་ཞི་བདེ་རྒྱ་མཚོའི་རྒྱལ་ཁབ་ཚོད་ལྟ་ཁང་གི་འབུམ་རམས་པ་ཆན་ཡུན་སོགས་ཀྱིས Advances in Atmospheric Science དུས་དེབ་ཏུ་སྤེལ་བའི་དཔྱད་རྩོམ་ཞིག་ཏུ། གནམ་གཤིས་ཇེ་དྲོར་གྱུར་པའི་རྒྱུ་རྐྱེན་གཙོ་བོ་འདི་མ་གཏོགས། དུས་ཡུན་རིང་པོ་ཞིག་གི་ནང་ལ། ཚན་རིག་པ་ཚོས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཐཱན་ནག(ཡང་ཞིང་ཕྲ་ལ་སབ་སོབ་ཀྱི་ཕྱེ་རྡུལ་ནག་པོ་ཞིག)ཀྱང་གངས་རི་ཞུ་བ་ཇེ་མགྱོགས་སུ་འགྲོ་བའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་པར་འདོད་པ་རེད། ཐཱན་ནག་འདི་དག་ནི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཉེ་འཁོར་རྒྱལ་ཁབ་ཀྱིས་གྲོང་ཁྱེར་ཅན་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་བ་དང་ཞིང་སྡེའི་འབར་དངོས་ཀྱི་དུ་བ་ལས་ཐོན་པར་མ་ཟད། ད་དུང་དེའི་ནང་དུ་སའི་གོ་ལ་བྱང་ངོས་ཀྱི་རྒྱལ་ཁབ་དང་ཐ་ན་ཡོབ་གླིང་ཕྱོགས་ནས་ཐོན་པའི་དུ་བའི་རྡུལ་སྨུག་ཀྱང་འདུས་པ་རེད། གངས་ངོས་ལ་སྦགས་བཙོག་ཐེབས་ཚེ། དེའི་ཉི་འོད་ལྡོག་འཕྲོའི་ནུས་པ་ཇེ་ཞན་དང་ཉི་འོད་བསྡུ་ལེན་བྱེད་ཚད་ཇེ་མང་དུ་གྱུར་ནས་གངས་ཀྱི་ཞུ་ཚད་ཇེ་མགྱོགས་སུ་བཏང་ཡོད།མཐོ་སྒང་ནི་སའི་གོ་ལའི་གནམ་གཤིས་ཇེ་དྲོར་འགྱུར་བའི་ཚོར་སྐྱེན་ཁུལ་ཞིག་ཡིན་པ་དང་། དེའི་ཇེ་དྲོར་འགྲོ་ཚད་ནི་སའི་གོ་ལའི་ཆ་སྙོམས་གྲངས་ཀ་ལས་ཀྱང་མཐོ་བ་རེད། གང་ལྟར《ཕ་རི་སིའི་ཆོད་དོན》ནང་གི་ཆེས་ལེགས་པའི་བསམ་ཚུལ་ཏེ་མིའི་རིགས་ཀྱི་སྤྱི་ཚོགས་ཀྱིས་དུས་རབས་འདིའི་མཇུག་ལ་སའི་གོ་ལའི་གནམ་གཤིས་ཇེ་དྲོར་འགྲོ་བའི་ཚད1.5℃ནང་ལ་ཚོད་འཛིན་བྱས་ནའང་། ཞིན་ཏུའུ་ཁའོ་ཧྲི་ཧི་མ་ལ་ཡ་ས་ཁུལ་གྱི་དྲོད་ཚད2.1℃ལ་ཇེ་མཐོར་འགྲོ་བར་མ་ཟད། ད་དུང་ས་ཁུལ་འདིའི་འཁྱག་ཀླུང་གི་གསུམ་ཆའི་གཅིག་ཙམ་ཞུ་སྲིད་པ་རེད། འདི་ནི་རི་ཁུལ་གྱི་སྡོད་དམངས་དང་ཨེ་ཤ་ཡའི་ས་ཁུལ་གཞན་པའི་སྡོད་དམངས་དུང་ཕྱུར་མང་པོའི་ཆུའི་ཐོན་ཁུངས་འདོན་སྤྲོད་ལ་འབྲེལ་བ་ཡོད། དེར་བརྟེན། མདོ་དབུས་མཐོ་སྒང་ལ་ཞིབ་འཇུག་བྱེད་པ་ནི་ས་ཆ་བྱེ་བྲག་ཅིག་ལ་ཞིབ་འཇུག་བྱེད་པ་ཁོ་ན་ཙམ་མ་ཡིན་པར། དེ་ནི་ང་ཚོའི་མ་འོངས་ལ་སེམས་ཁུར་བྱེད་པ་ཞིག་ཡིན།


    མདོ་དབུས་མཐོ་སྒང་དང་གནམ་གཤིས་འགྱུར་ལྡོག པར་རིས་ཀོ་ཀྲི་ལུན་ཏའོ་གླེང་སྟེགས་ཞེས་པ་ལས་དྲངས།སའི་གོ་ལའི་གནམ་གཤིས་ཇེ་དྲོར་གྱུར་པ་ནི་མིའི་རིགས་ཚང་མ་ལ་ཕྲད་པའི་གནད་དོན་ཞིག་ཡིན་པ་དང་། ད་ལོར་བཏོན་པའི“ཐཱན་རྩེར་སོན”དང“ཐཱན་སྙོམ་སྦྱོར”ཞེས་པ་སོགས་ཀྱི་ཐ་སྙད་བྱུང་བ་ལས་ཀྱང་སའི་གོ་ལའི་གནམ་གཤིས་ཇེ་དྲོར་གྱུར་པའི་མྱུར་ཚད་ཇེ་དལ་དུ་གཏོང་བའི་ཆོད་སེམས་མཚོན་ཡོད། སའི་གོ་ལ་ཇེ་དྲོར་གྱུར་པའི་སྐབས་ཀྱི་གནམ་གཤིས་ཀྱང“བདུད་སྒམ་ཕན་ཏའོ་ལ”ཞེས་པ་དང་ཀུན་ནས་མཚུངས་སྟབས། ང་ཚོས་ནུས་ཤུགས་ཆེན་པོ་བཏོན་ནས་བདུད་སྒམ་དེ་ཡི་ཁ་འབྱེད་མི་ཐུབ་པ་བྱ་དགོས། “སའི་གོ་ལ་སྐྱོབ་མི་དགོས་ནའང་། མིའི་རིགས་ཀྱིས་རང་ཉིད་སྐྱོབ་པའི་དུས་ཚོད་མང་པོ་ལྷག་མེད་པ”ནི་དོན་དངོས་རེད།