རྒྱལ་ཐང་སྐོར་བྲོ༼ སྟོད ༽

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-08-23   རྩོམ་ཁུངས།    迪庆非遗



        བདེ་ཆེན་དམངས་ཁྲོད་ཀྱི་སྲོལ་རྒྱུན་གླུ་གར་རྒྱལ་ཐང་སྐོར་བྲོ་དེ་ལོ་རྒྱུས་ཡུན་རིང་ལྡན་པའི་ཁྲོད་སྔར་བཞིན་ཆེས་གདོད་མའི་ཞབས་བྲོའི་སྟངས་སྟབས་དང་གླུ་ཚིག་རང་སོར་བཞག་ཡོད། 2006ལོར་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐོར་བྲོ་དམངས་ཁྲོད་ཞབས་བྲོ་སྟེ་རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ཁག་དང་པོའི་ནང་བཞག་ཡོད།

རྒྱལ་ཐང་སྐོར་བྲོའི་སྲོལ་རྒྱུན་འགྲེམ་སྟོན་ཁང་།

        རྒྱལ་ཐང་སྐོར་བྲོའི་སྲོལ་རྒྱུན་འགྲེམ་སྟོན་ཁང་དེ་2015ལོར་བསྐྲུན་ཟིན་པ་དང་།ཨར་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་140ཡོད། དེའི་ནང་རྒྱལ་ཐང་སྐོར་བྲོའི་ལོ་རྒྱུས་དང་། གནས་ཚུལ་མདོར་བསྡུས། ཞབས་བྲོའི་སྟངས་སྟབས་དང་། གདངས་དབྱངས། གླུ་ཚིག རྒྱན་གོས། དེ་བཞིན་རྒྱུན་འཛིན་སོགས་ཁག་ཁ་ཤས་ཀྱི་ནང་དོན་ཚུད་ཡོད་པ་རེད།

རྒྱལ་ཐང་གྲོང་རྡལ།

        རྒྱལ་ཐང་གྲོང་རྡལ་ནི་རིམ་ཁག་རིག་དངོས་སྡེ་ཚན་གྱི་སྔོག་འདོན་ལས་མངོན་པར་གཞིགས་ན། ད་བར་གྱི་ལོ་ཉིས་སྟོང་ཡས་མས་ཀྱི་གོང་དུ་རྡོ་ཆས་རྙིང་མའི་དུས་མཇུག་ཏུ་སླེབས་སྐབས་རྒྱལ་ཐང་མངའ་ཁུལ་དུ་གདོད་མའི་ཞིང་ལས་གཙོ་བོར་བྱས་པའི་གནའ་བོའི་གཞིས་ཆགས་མི་རིགས་འབོར་ཆེན་འཚོ་སྡོད་བྱེད་ཀྱི་ཡོད་པ་རེད། ས་ཁོངས་ནང་གི་མི་རིགས་རིག་གནས་ཟབ་མོ་དང་དེ་བཞིན་གནའ་བོའི་བབ་ཆགས་ཀྱི་ས་གནས་དམངས་སྲོལ་གྱིས་ཐུན་མོང་མ་ཡིན་པའི་གྲོང་མིའི་སྡོད་ཁང་དང་། བཟའ་བཏུང་གོམས་གཤིས། མི་རིགས་རྒྱན་གོས། རོལ་དབྱངས་ཞབས་བྲོ། དམངས་ཁྲོད་རི་མོའི་སྒྱུ་རྩལ་སོགས་ཆགས་ཡོད།

རྒྱལ་ཐང་སྐོར་བྲོའི་ལོ་རྒྱུས་ཀྱི་འབྱུང་ཁུངས།

        རྒྱལ་ཐང་གྲོང་རྡལ་གྱི་སྐོར་བྲོ་ནི་ཚ་ལ་སྟེ་སྤྲོ་སྐྱིད་ལྡན་པའི་ངང་རྩེད་མོ་རྩེ་བའི་དོན་ཡིན །བཀྲ་ཤིས་པའི་དུས་ཆེན་དང་། སྡོད་ཁང་གསར་པ་བསྐྲུན་པ། བཀྲ་ཤིས་པའི་གཉེན་སྒྲིག་གི་བྱ་བ་བཅས་ཡིན་ཕྱིན། མི་རྣམས་ཀྱིས་ཕོ་མོ་རྒན་གཞོན་ལ་མ་བལྟོས་པར་མཚན་གང་འཁྲབ་ནས་སྤྲོ་སྣང་འཕེལ་བ་དང་སྨོན་འདུན་བཟང་པོ་ཞུ་རྒྱུ་ཡོད། ཡང་བསྐྱར་ཚ་ལ་ཞེས་པ་དེ་གསར་རྙིང་གཉིས་སུ་སྙིང་བསྡུས་བྱས་ཏེ། ཚ་རྙིང་ཞེས་པ་སྟེ་གླུ་ཚིག་གི་ནང་དོན། ཞབས་བྲོའི་སྟངས་སྟབས་ཀྱི་རྣམ་པ་སོགས་ཚང་མ་ཅུང་སྔ་ཞིང་། ནང་དོན་ཅུང་མང་བ་ནི་བྲན་གཡོག་སྤྱི་ཚོགས་དང་གདོད་མའི་ཆོས་ལུགས་ཀྱི་རྣམ་པ་མཚོན་ཡོད།ཚ་གསར་ཞེས་པ་སྟེ་གླུ་གར་ལ་དུས་རབས་ཀྱི་ཉམས་འགྱུར་ཟབ་མོ་ལྡན་ཡོད་པས་སྤྱི་ཚོགས་འཕེལ་རྒྱས་དང་ཡར་རྒྱས་འགྲོ་ཚུལ་མཚོན་ཡོད།

རྒྱལ་ཐང་སྐོར་བྲོའི་གནས་ཚུལ་མདོར་བསྡུས།

        བདེ་ཆེན་ས་གནས་ཁག་གི་སྐོར་བྲོ་ནི་ས་ཁོངས་མི་འདྲ་བའི་དབང་གིས་སོ་སོར་ཁྱད་ཆོས་མི་འདྲ་བ་ལྡན་ཡོད། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་སྐོར་བྲོའི་གཞས་གདངས་གྲུང་ཤ་དོད་པོ་བཅས་ལྡན་པ་དང་། གླུ་ཚིག་གི་ནང་དོན་ནས་རོལ་དབྱངས་བར་ཞབས་བྲོ་དང་། རྒྱན་གོས་ཐོག་ནས་བོད་མི་རིགས་ཀྱི་བློ་གྲོས་དང་། མཛེས་དཔྱོད་ཀྱི་འདུ་ཤེས། སྣ་མང་ཕུན་སུམ་ཚོགས་པའི་ནང་སེམས་ཀྱི་འཇིག་རྟེན་བཅས་མངོན་གྱི་ཡོད། རྒྱལ་ཐང་བོད་ཀྱི་སྐོར་བྲོ་ནི་བོད་ཀྱི་གླུ་གར་ཁྲོད་ཀྱི་གནའ་བོའི་རྣམ་པ་རྒྱུན་འཁྱོངས་བྱས་ཡོད། དེ་ནི་རོལ་དབྱངས་ཀྱི་རམ་དཀྲོལ་མེད་པའི་མཉམ་སྡེབ་ཞབས་བྲོ་ཞིག་ཡིན་པ་དང་། ས་གནས་དེ་གའི་བོད་རིགས་ཀྱི་དམངས་ཡོངས་ལ་རྒྱུན་འཛིན་བྱེད་ཆེད་ཧ་ཅང་རྒྱ་ཁྱབ་ཆེ་བའི་མང་ཚོགས་ཀྱི་རྨང་གཞི་ཡོད་པ་དང་། སྒྱུ་རྩལ་གྱི་རང་བཞིན་དང་ལྟད་མོའི་རང་བཞིན་ཆེ་ཙམ་ཡོད་པ། རྣམ་པ་སྣ་ཚོགས་ཡོད་པ་དང་། ཉམས་འགྱུར་དང་ནང་དོན་ཕུན་སུམ་ཚོགས་པ།མངོན་གསལ་དོད་པའི་མི་རིགས་ཀྱི་ཉམས་འགྱུར་དང་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པ། རྒྱ་ཆེའི་བོད་འབྲེལ་ས་ཁུལ་དང་ཐ་ན་རྒྱལ་ཡོངས་སུ་ཤུགས་རྐྱེན་ཆེ་ཙམ་ལྡན་པ་བཅས་ཡོད།

རྒྱལ་ཐང་སྐོར་བྲོའི་དབྱངས་རིགས།

        རྒྱལ་ཐང་སྐོར་བྲོའི་དབྱངས་རིགས་བརྒྱ་ལྷག་ཙམ་ཡོད་པའི་ནང་གླུ་གཞས་130ལྷག་ཙམ་གྱི་དབྱངས་རིགས་མི་འདྲ་བ།གཞས་ཚིག་120ལྷག་ཙམ་ཡོད་པ།ནང་དོན་གནའ་ནས་ད་བར། གནས་ནས་ས་ཁུལ་བཅས་ཀྱི་ངལ་རྩོལ་དང་། འཚོ་བ། དཔའ་བོ། གཏམ་རྒྱུད་སོགས་དང་འབྲེལ་བ་ཡོད་པ་རེད།

        སྐོར་བྲོ་ཡི་གླུ་ཚིག་ལ་ཅུང་གཟབ་ནན་གྱི་གྲལ་བསྒྲིགས་དང་ཐབས་མཁས་ཀྱི་དཔེ་འཇོག་ཆོས་ཉིད་ཅིག་ཡོད། གཞས་ཚིག་གི་ཆོས་ཉིད་ནི་གླུ་གནམ་ལེན་ན་ངེས་པར་དུ་ཉི་ཟླ་སྐར་གསུམ་ལེན་དགོས། གླུ་ས་གནས་ལེན་ན་ངེས་པར་དུ་པེ་ཅིང་དང་། ལྷ་ས། ཕ་ཡུལ་བཅས་སུ་ལེན་དགོས། གཏན་འཁེལ་གྱི་རྣམ་པ་འདིའི་རིགས་ནི་སྐོར་བྲོ་ཡི་ཁྲོད་ནས་ཆེས་འབུར་དུ་ཐོན་ཡོད། སྐོར་བྲོ་ལ་བལ་འཁེལ་བ།ཕྱུགས་རིགས་གསོ་བ། ཆང་བསྙལ་བ་སོགས་ཀྱི་ངལ་རྩོལ་གླུ་གར་ཡོད་ལ་དཔའ་བོར་བསྔགས་བརྗོད་བྱེད་པའི་གླུ་གར་ཡང་ཡོད་པ་མ་ཟད། ད་དུང་ཡུལ་སྲོལ་གོམས་གཤིས་མཚོན་པ་དང་། བུ་དང་བུ་མོ་གཉེན་སྒྲིག་བྱེད་པ། ཁང་པ་གསར་པ་བསྐྲུན་པ།སྐུ་མགྲོན་ལ་སྣེ་ལེན་ཞུ་བ་སོགས་ཀྱི་གླུ་གར་ཡང་ཡོད་པ་རེད།