རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-08-30   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།
ཟླ་8ཚེས་27དང་28ཉིན། ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།
པེ་ཅིང་ནས་ཟླ་8ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་27དང་28ཉིན་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་རང་རེའི་ཏང་གི་དགོངས་པ་གལ་ཆེན་གནད་ལ་འཁེལ་པོས་ཁོང་དུ་ཆུད་པ་དང་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུ་གཙོ་རྐང་དུ་བྱེད་པ་དང་། མི་རིགས་ཀྱི་གནད་དོན་ཀྲུང་གོའི་ཁྱད་ཆོས་ལ་བརྟེན་ནས་ཐག་གཅོད་བྱེད་པའི་འགྲོ་ལམ་ཡང་དག་ཐོག་བློ་བརྟན་འགྱུར་མེད་ངང་སྐྱོད་པ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་སྐྲུན་པ། མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་གསུམ་ལ་སྐུལ་འདེད་གཏོང་བ། མི་རིགས་ས་ཁུལ་དེང་རབས་ཅན་ལ་བསྐྲུན་པའི་གོམ་སྟབས་མགྱོགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། མི་རིགས་ལས་དོན་བཅོས་སྐྱོང་གི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། མི་རིགས་ཁྱབ་ཁོངས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་འགོག་སེལ་བྱེད་པ། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་སྐུལ་སློང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་རྒྱུའི་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ལི་ཁེ་ཆང་གིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ལི་ཀྲན་ཧྲུའུ་དང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་ཚོགས་འདུར་ཞུགས་པ། དབང་དབྱང་གིས་ཕྱོགས་སྡོམ་གསུང་བཤད་གནང་བ་རེད།
ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་བསྟན་དོན། ཏང་གི་ལོ་ངོ་བརྒྱའི་ལོ་རྒྱུས་ཀྱི་ལམ་བུར་ཕྱིར་མིག་ལྟ་སྐབས། ཏང་གི་མི་རིགས་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ཆེ་ཤོས་ནི་མི་རིགས་ཀྱི་གནད་དོན་ཀྲུང་གོའི་ཁྱད་ཆོས་ལ་བརྟེན་ནས་ཐག་གཅོད་བྱེད་པའི་འགྲོ་ལམ་ཡང་དག་ཅིག་བཏོད་པ་དེ་རེད། སྒྱུར་བཅོས་སྒོ་དབྱེ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རེའི་ཏང་གིས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་པོ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ་སོགས་ཀྱི་ལྟ་བ་ནན་བཤད་བྱས་ཏེ། གཅིག་རྒྱུན་གཅིག་འཛིན་དང་དུས་བསྟུན་འཕེལ་རྒྱས་ཀྱི་སྒོ་ནས་ཏང་གི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་མི་རིགས་ཀྱི་སྲིད་ཇུས་ལག་ལེན་བསྟར་བ་དང་། མི་རིགས་ཀྱི་གནད་དོན་ཁོང་དུ་ཆུད་པ་དང་མི་རིགས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་རྩ་ཆེའི་ཉམས་མྱོང་བསགས་པ། མི་རིགས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ཏང་གི་དགོངས་པ་གལ་ཆེན་གྲུབ་ཅིང་། མདོར་བསྡུས་ནས་བཤད་ན་གཤམ་གསལ་གྱི་ཕྱོགས་འགའ་ཡོད་དེ། གཅིག་ནས་ངེས་པར་དུ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་ལོ་རྒྱུས་ཁ་ཕྱོགས་ཁོང་དུ་ཆུད་པར་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་བབས་སར་བྱས་ནས་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་སྤྱི་འདོམས་འཆར་འགོད་དང་སྐུལ་འདེད་གཏོང་དགོས་པ་དང་། གཉིས་ནས་ངེས་པར་དུ་མི་རིགས་ཁག་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་ཕྱིར་ཐུན་མོང་ཐོག་འབད་འཐབ་བྱེད་པར་སྐུལ་འདེད་གཏོང་རྒྱུ་དེ་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། མི་རིགས་ཁག་གིས་དུས་རབས་ཀྱི་གོམ་སྟབས་ཀྱི་རྗེས་སུ་དམ་པོར་བསྙེགས་ནས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས་པ། གསུམ་ནས་ངེས་པར་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུ་དེ་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་གཙོ་རྐང་དུ་བྱས་ཏེ། མི་རིགས་ཁག་གིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་ཚད་མཐོའི་མོས་སེམས་བརྟན་པོ་འཆང་རྒྱུར་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འཛུགས་རྒྱུར་ཟམ་མི་ཆད་པར་སྐུལ་འདེད་གཏོང་དགོས་པ། བཞི་ནས་ངེས་པར་དུ་ཡང་དག་པའི་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ལྟ་བ་མཐའ་འཁྱོངས་བྱས་ཏེ། ཀྲུང་ཧྭ་མི་རིགས་ལ་འཛིན་པའི་མོས་སེམས་དང་སྤོབས་སེམས་ཆེ་རུ་གཏོང་དགོས་པ། ལྔ་ནས་ངེས་པར་དུ་མི་རིགས་ཁག་ཚང་མ་འདྲ་མཉམ་ཡིན་པ་མཐའ་འཁྱོངས་བྱས་ཏེ། མི་རིགས་ཁག་ཐུན་མོང་ཐོག་རང་ཁྱིམ་རང་བདག་དང་རྒྱལ་ཁབ་ཀྱི་ལས་དོན་དོ་དམ་ནང་ཞུགས་པར་འགན་ལེན་བྱེད་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱེད་དགོས་པ། དྲུག་ནས་ངེས་པར་དུ་ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་ཆེ་མོའི་དར་ཆ་མཐོན་པོར་བསྒྲེངས་ནས། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་པོའི་ཁྲོད་མི་རིགས་ཁག་གིས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་རྒྱུར་སྐུལ་འདེད་གཏོང་དགོས་པ། བདུན་ནས་ངེས་པར་དུ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས་ཏང་ཀྲུང་དབྱང་གི་བཀོད་པ་ལུང་དུ་འགྲོ་བའི་འགན་ལེན་དང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་ཐུབ་པའི་འགན་ལེན། མི་རིགས་ཁག་གི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ལ་རྒྱབ་སྐྱོར་བཅས་བྱས་ནས་ཐུན་མོང་ཐོག་འཕེལ་རྒྱས་དང་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་བྱེད་དགོས་པ། བརྒྱད་ནས་ངེས་པར་དུ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་ནས་མི་རིགས་ཁག་གིས་མི་སེམས་གཅིག་ཏུ་སྒྲིལ་བ་དང་བསམ་པ་གཏད་རེས་བྱས་ཏེ། མི་སེམས་གཅིག་སྒྲིལ་དང་མཐུན་སྒྲིལ་ཡར་བརྩོན་གྱི་བསམ་པའི་འབྲེལ་ཐག་བརྟན་པོ་ཞིག་ཆགས་པར་བྱེད་དགོས་པ། དགུ་ནས་ངེས་པར་དུ་མི་རིགས་ཁག་དབར་རྒྱ་ཁྱབ་ངང་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཕུགས་བསམ་དང་། དད་སེམས། བརྩེ་དུང་། རིག་གནས་བཅས་ཐད་མི་རིགས་ཁག་མཐུན་སྒྲིལ་གཅིག་གྱུར་ཡོང་བར་སྐུལ་འདེད་བཏང་སྟེ། ཕན་ཚུན་ལྟ་སྐྱོང་དང་སྤུན་ཟླའི་བརྩེ་སེམས་ཟབ་ཏུ་གཏོང་དགོས་པ། བཅུ་ནས་ངེས་པར་དུ་ཁྲིམས་ལྟར་མི་རིགས་ལས་དོན་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། མི་རིགས་ལས་དོན་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས་པ། བཅུ་གཅིག་ནས་ངེས་པར་དུ་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ། མི་རིགས་ཁག་ལ་རྒྱལ་གཅེས་རིང་ལུགས་ཀྱི་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བཏང་ནས་མེས་རྒྱལ་གཅིག་གྱུར་དང་། རྒྱལ་ཁབ་བདེ་འཇགས། སྤྱི་ཚོགས་བརྟན་ལྷིང་བཅས་རང་རྟོགས་ངང་སྲུང་སྐྱོང་བྱ་རྒྱུའི་སློབ་གསོ་ཁྲིད་སྟོན་བྱེད་དགོས་པ། བཅུ་གཉིས་ནས་ངེས་པར་དུ་ཏང་གིས་མི་རིགས་ལས་དོན་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། མི་རིགས་ཀྱི་གནད་དོན་ཐག་གཅོད་དང་མི་རིགས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་དགོས་པ་བཅས་རེད། མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་རང་རེའི་ཏང་གི་དགོངས་པ་གལ་ཆེན་ནི་ཏང་གི་མི་རིགས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་བློ་གྲོས་ཀྱི་ཉིང་བཅུད་དང་། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་རྩ་བའི་གཞི་འཛིན་ས་ཡིན་པས། ཏང་ཡོངས་ཀྱིས་ངེས་པར་དུ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ཁོང་དུ་ཆུད་པ་དང་ལག་ལེན་བསྟར་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ཡག་པོ་སྒྲུབ་པར་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུ་དེ་ཏང་གི་མི་རིགས་ལས་དོན་གྱི་གཙོ་རྐང་དུ་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་དགོས་ཞེས་པ་ནི་མི་རིགས་ཁག་གི་མི་དམངས་ལ་བདེ་སྡུག་མཉམ་མྱོང་དང་། གཟི་ཁྲེལ་མཉམ་ཁུར། འཆི་གསོན་མཉམ་གནས། ལས་དབང་གཅིག་སྦྲེལ་བཅས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུའི་ཁྲིད་སྟོན་བྱེད་དགོས་པ་དེ་རེད། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ་ནི་མི་རིགས་ཁག་གི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ་དང་། རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་བསམ་བློའི་ལྕགས་རི་རིང་པོ་སྐྲུན་པ། མི་རིགས་ཁག་གིས་ཐུན་མོང་ཐོག་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ཡག་པོ་བཅས་བྱས་ཚེ་གཞི་ནས་ཐལ་སྐྱོད་དང་ཁ་ཕྲལ་གྱི་བསམ་བློ་སྣ་ཚོགས་ཀྱི་སིམ་འཛུལ་དང་རྩ་སློག་བཀག་འགོག་ནུས་ལྡན་ཐུབ་པ་དང་། གཞི་ནས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་རིགས་ཁག་གི་མི་དམངས་ཀྱི་རེ་འདོད་རྒྱུན་ཆད་མེད་པར་མངོན་འགྱུར་ཐུབ་པ། གཞི་ནས་མི་རིགས་ཁག་གི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་གཏོང་ཐུབ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བ་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་བཏང་ཚེ། གཞི་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་བརྒྱུད་རིམ་ཁྲོད་མི་རིགས་ཁྱབ་ཁོངས་སུ་ཐོན་སྲིད་པའི་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་ནུས་ལྡན་གཅོག་ཐུབ་པ་དང་། གཞི་ནས་ཏང་དང་རྒྱལ་ཁབ་དར་རྒྱས་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་བསམ་བློའི་འགན་ལེན་གལ་ཆེན་མཁོ་འདོན་བྱེད་ཐུབ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུ་ནི་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་བཏང་ཚེ། གཞི་ནས་མི་རིགས་ཁག་གིས་ཀྲུང་ཧྭ་མི་རིགས་ལ་རང་རྟོགས་ངང་མོས་སེམས་འཆང་ཤུགས་ཆེ་རུ་འགྲོ་ཐུབ་པ་དང་། རང་རྒྱལ་གྱི་མི་རིགས་འབྲེལ་བ་འཕེལ་རྒྱས་གཏོང་བའི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་ཐུབ་པ། ཀྲུང་ཧྭ་མི་རིགས་འདི་ཉིད་མོས་སེམས་དེ་བས་འཆང་ཤུགས་ཆེ་བ་དང་གོང་བུ་འགྲིལ་ཤུགས་དེ་བས་ཆེ་བའི་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་ཏུ་འགྱུར་རྒྱུར་སྐུལ་འདེད་གཏོང་ཐུབ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུ་ནི་ཏང་གི་མི་རིགས་ལས་དོན་གྱི་རྣམ་པ་གསར་པ་གཏོད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད། དུས་རབས་ཀྱི་འགྱུར་ལྡོག་ལ་བསྟུན་པ་དང་གཅིག་མཐུན་རང་བཞིན་ཟབ་ཏུ་གཏོང་བའི་ཁ་ཕྱོགས་ལྟར་མི་རིགས་ལས་དོན་ལེགས་སུ་བཏང་ནས། གཅིག་མཐུན་རང་བཞིན་དང་ཁྱད་པར་རང་བཞིན་གྱི་རྩོད་སྒྲུབ་གཅིག་གྱུར་དང་། མི་རིགས་ཀྱི་རྒྱུ་རྐྱེན་དང་ས་ཁོངས་ཀྱི་རྒྱུ་རྐྱེན་ཟུང་འབྲེལ་དམ་ཟབ་བྱས་ཚེ། གཞི་ནས་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ཡག་པོ་དང་། ཞིབ་ཚགས། ཏན་ཏིག་བཅས་ཀྱི་སྒོ་ནས་སྒྲུབ་ཐུབ།
ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་མི་རིགས་ལས་དོན་གསར་གཏོད་འཕེལ་རྒྱས་གཏོང་དགོས་ཞེས་པ་ནི་ཡང་དག་པའི་རིགས་མཐའ་འཁྱོངས་དང་དུས་བབ་དང་མི་འཚམ་པའི་རིགས་ལེགས་སྒྲིག་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་དེ་བས་ལེགས་པའི་སྒོ་ནས་འགན་ལེན་བྱེད་དགོས་པ་དེ་རེད། གཅིག་མཐུན་རང་བཞིན་དང་ཁྱད་པར་རང་བཞིན་གྱི་འབྲེལ་བ་ཁོང་དུ་ཡང་དག་ཆུད་པར་བྱས་ནས་གཅིག་མཐུན་རང་བཞིན་ཆེ་རུ་གཏོང་རྒྱུ་དང་། ཁྱད་པར་རང་བཞིན་ལ་བརྩི་འཇོག་དང་བསྟུན་མཁས་བྱ་རྒྱུ་ནི་མི་རིགས་ལས་དོན་གྱི་རྩ་དོན་གལ་ཆེན་ཞིག་རེད། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་དང་མི་རིགས་ཁག་གི་འདུ་ཤེས་དབར་གྱི་འབྲེལ་བ་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། མི་རིགས་ཁག་ལ་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་ཀྱི་ཁེ་ཕན་ཨང་དང་པོར་འཇོག་པ་དང་། མི་རིགས་དེ་རང་གི་འདུ་ཤེས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ལ་བརྩི་བཀུར་དང་ཞབས་འདེགས་ཞུ་བ། དུས་མཚུངས་སུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་སྤྱི་ཡོངས་ཀྱི་ཁེ་ཕན་མངོན་འགྱུར་ཡག་པོ་བྱེད་པའི་འཕེལ་རིམ་ཁྲོད་མི་རིགས་ཁག་གི་ཞིབ་ཕྲའི་ཁེ་ཕན་མངོན་འགྱུར་ཡག་པོ་བྱེད་པ། རྒྱ་རིགས་ཆེན་པོའི་རིང་ལུགས་དང་ས་གནས་ཀྱི་མི་རིགས་རིང་ལུགས་གཉིས་ཀ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འཛུགས་སྐྱོང་ལ་ཕན་པ་མེད་པ་བཅས་ཀྱི་ཁྲིད་སྟོན་བྱེད་དགོས། ཀྲུང་ཧྭའི་རིག་གནས་དང་མི་རིགས་ཁག་གི་རིག་གནས་དབར་གྱི་འབྲེལ་བ་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། མི་རིགས་ཁག་གི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཚང་མ་ནི་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་ཡིན་པ་དང་། ཀྲུང་ཧྭའི་རིག་གནས་ནི་སྡོང་པོ་ལྟ་བུ་དང་མི་རིགས་ཁག་གི་རིག་གནས་ནི་ཡལ་འདབ་ལྟ་བུ་ཡིན་པས། རྩ་བ་ཟབ་ཅིང་སྡོང་པོ་རྒྱས་ཚེ་གཞི་ནས་ཡལ་འདབ་རྒྱས་ཐུབ།དངོས་པོ་དང་བསམ་པའི་འབྲེལ་བ་ཁོང་དུ་ཡང་དག་ཆུད་པར་བྱས་ནས་སྒྱུར་བཅོས་དང་འཕེལ་རྒྱས་ཡོད་ཚད་ལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་མངོན་པའི་དོན་སྙིང་དང་། གཅིག་གྱུར་ལ་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་དོན་སྙིང་། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་ཏུ་སྒྲིལ་བའི་དོན་སྙིང་བཅས་ལྡན་པར་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་སྲ་བརྟན་འགྱུར་མེད་ཡོང་བར་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུ་ནི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་རྩ་འཛིན་ཞིག་ཡིན་པས། ལས་དོན་ཚང་མ་དེར་དམིགས་དགོས། ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར། ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་སློབ་སྦྱོང་དང་སློབ་གསོའི་ཁྲོད། རང་རེའི་ཏང་གི་ལོ་ངོ་བརྒྱའི་མི་རིགས་ལས་དོན་གྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཕྱོགས་སྡོམ་གཏིང་ཟབ་དང་། མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་རང་རེའི་ཏང་གི་དགོངས་དོན་གལ་ཆེན་ལ་ཞིབ་འཇུག་གཏིང་ཟབ། དེང་རབས་ཤེས་དཔལ་སློབ་གསོར་ཤུགས་སྣོན་རྒྱག་པ། ཤེས་དཔལ་འཛུགས་གཏོད་དང་། སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྱོང་། དུས་རབས་ཀྱི་མི་གསར་སྐྱོང་བ་སོགས་ཀྱི་འདུ་འགོད་ལག་ལེན་གཏིང་ཟབ་བསྟར་ཏེ། མི་རིགས་ཁག་གི་མང་ཚོགས་ལ་བསམ་བློའི་འདུ་ཤེས་དང་། བསམ་པའི་དགའ་ཕྱོགས། འཚོ་བ་སྐྱེལ་སྟངས་བཅས་དེང་རབས་ཅན་གྱི་རྗེས་སུ་སྙེག་ཐུབ་པའི་ཁྲིད་སྟོན་བྱེད་དགོས། རྒྱལ་ཁབ་ཀྱི་སྤྱི་སྐད་ཁྱབ་གདལ་དང་། མི་རིགས་ཁག་གི་སྐད་ཡིག་ཚན་རིག་དང་མཐུན་པའི་སྲུང་སྐྱོང་། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྦྱོང་སྤྱོད་ལ་བརྩི་འཇོག་དང་འགན་སྲུང་བཅས་བྱེད་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། མི་རིགས་ཁག་ཐུན་མོང་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་དགོས། ཁྱད་པར་ཡོད་པའི་སྒོ་ནས་ས་ཁོངས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་མི་རིགས་ས་ཁུལ་གྱིས་སྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཏེ། རང་ངོས་ཀྱི་འཕེལ་རྒྱས་ནུས་པ་ཆེ་རུ་གཏོང་དགོས། མི་རིགས་ས་ཁུལ་གྱིས་ཐོན་ཁུངས་ཀྱི་ལེགས་ཆ་དང་། འཕེལ་རྒྱས་ཀྱི་ཆ་རྐྱེན། བསྡུར་གཞི་ཡོད་པའི་ལེགས་ཆ་སོགས་ཀྱི་དོན་དངོས་ལ་གཞི་ཚུགས་ནས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ཁོང་དུ་ཆུད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ནང་མཉམ་འདྲེས། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར། ཐུན་མོང་ཐོག་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་འཇུག་གཞི་དང་ཤུགས་རྒྱག་ས་ཡང་དག་འཚོལ་དགོས། མི་རིགས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཐོན་ལས་གྲུབ་ཆ་ལེགས་སྒྲིག་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་སྤྱིའི་བཀོད་པ་ལེགས་སུ་བཏང་སྟེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། མི་རིགས་ས་ཁུལ་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་རྒྱས་སྦྲེལ་མཐུད་ནུས་ལྡན་ཐུབ་རྒྱུར་རྒྱབ་སྐྱོར་བྱས་ནས་ཞིང་འབྲོག་ལས་སྤུས་ཚད་མཐོ་ལ་ཕན་འབྲས་ཆེ་བ་དང་། གྲོང་གསེབ་སྡོད་མལ་ལ་འཚམ་པ་དང་བྱ་གཞག་གཉེར་རྒྱུར་འཚམ་པ། ཞིང་འབྲོག་པ་འབྱོར་ཕྱུག་ལྡན་པ་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། མཐའ་མཚམས་ས་ཁུལ་གསར་སྤེལ་དང་སྒོ་དབྱེའི་སྲིད་ཇུས་ཀྱི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས། མི་རིགས་མི་འདྲ་བ་དང་ས་ཁུལ་མི་འདྲ་བའི་དོན་དངོས་ལ་བསམ་གཞིག་གང་ལེགས་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་གྱི་བཀོད་ཇུས་འཆར་འགོད་དང་སྤྱི་པའི་ཞབས་ཞུའི་ཐོན་ཁུངས་བཀོད་སྒྲིག་ལ་སྤྱི་འདོམས་བྱེད་པ་དང་། སྲིད་ཇུས་དང་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ། ཁོར་ཡུག་དང་རྣམ་པ་གཏོད་པ་བཅས་བྱས་ནས། མི་རིགས་ཁག་བར་མཐོངས་དང་། རིག་གནས། དཔལ་འབྱོར། སྤྱི་ཚོགས། སེམས་ཁམས་སོགས་ཕྱོགས་གང་ཅིར་རིམ་བཞིན་ཞུགས་ཐུབ་པར་བྱེད་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་གཏིང་ཟབ་བྱས་ནས་ནང་དོན་གཏིང་ཟབ་ཏུ་གཏོང་བ་དང་། རྣམ་པ་ཕུན་སུམ་ཚོགས་སུ་གཏོང་བ། བྱེད་ཐབས་གསར་གཏོད་བཅས་ལ་ཤུགས་རྒྱག་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བའི་དྲིལ་བསྒྲགས་སློབ་གསོའི་རྒྱུན་རྣམ་ཅན་གྱི་ལམ་སྲོལ་བཙུགས་ཏེ། དེ་ལས་བྱེད་པར་སློབ་གསོ་དང་། ཏང་ཡོན་ལ་སློབ་གསོ། རྒྱལ་དམངས་ལ་སློབ་གསོ་བཅས་ཀྱི་མ་ལག་ནང་བཅུག་ནས་སྤྱི་ཚོགས་ཀྱི་དྲིལ་བསྒྲགས་སློབ་གསོ་ཡག་པོ་རྒྱག་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། མི་རིགས་ལས་དོན་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། ས་ཁུལ་མི་འདྲ་བ་དང་མི་རིགས་མི་འདྲ་བའི་དོན་དངོས་ལ་གཞིགས་ནས་དྲང་གཞག་དྲང་བདེན་རྩ་དོན་དུ་བྱས་ཏེ་ས་ཁོངས་ཅན་དང་གནད་སྨིན་རང་བཞིན་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་། དམིགས་བསལ་ས་ཁུལ་དང་། དམིགས་བསལ་གནད་དོན། དམིགས་བསལ་དོན་དག་བཅས་དེ་བས་མང་པོར་དམིགས་ནས་ཁྱད་པར་ཡོད་པའི་སྒོ་ནས་ས་ཁོངས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་བཟོ་བ་དང་ལག་བསྟར་བྱེད་དགོས། མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་འགན་སྲུང་བྱེད་པ་དང་། མི་རིགས་ཀྱི་རྒྱུ་རྐྱེན་དང་འབྲེལ་བ་ཡོད་པའི་གྱོད་གཞི་དང་དོན་རྐྱེན་ཁྲིམས་ལྟར་ཐག་གཅོད་བྱེད་མཁས་པོ་བྱེད་པ། ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་སྣ་ཚོགས་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་བ་བཅས་བྱས་ནས་བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡོང་བར་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མི་རིགས་ཁྱབ་ཁོངས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ཚབས་ཆེན་འགོག་ཟོན་མཐའ་གཅིག་ཏུ་བྱེད་དགོས། འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་བརྟན་པོར་བསྲུངས་ཏེ། མི་རིགས་ཀྱི་རྒྱུ་རྐྱེན་དང་འབྲེལ་བ་ཡོད་པའི་འདུ་ཤེས་འཛིན་སྟངས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ནས། མི་རིགས་ཁ་ཕྲལ་གཏོང་བ་དང་ཆོས་ལུགས་ཐལ་སྐྱོད་ཀྱི་བསམ་བློའི་དུག་རྒྱུན་མུ་མཐུད་གཙང་སེལ་བྱེད་དགོས། རྒྱལ་སྤྱིའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་གཙོ་གནད་རྒྱལ་ཁབ་དང་ས་ཁུལ་དང་། རྒྱལ་སྤྱིའི་རྩ་འཛུགས། ཕྱི་རྒྱལ་དུ་ཡོད་པའི་གྲངས་ཉུང་མི་རིགས་ཀྱི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་ཚོགས་སྤྱི་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་ནི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་ཆབ་སྲིད་ཀྱི་འགན་ལེན་ཞིག་རེད། རིམ་ཁག་ཏང་ཨུད་ཀྱིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ་དང་། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། “རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་ངེས་པ། བྱེད་པོའི་འགན་འཁྲི་ནན་ཏན་འཁུར་བ། ཏང་གི་འགོ་ཁྲིད་མི་རིགས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བཅས་བྱས་ཏེ། ཏང་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་དང་། སྲིད་གཞུང་གིས་ཁྲིམས་ལྟར་དོ་དམ། འཐབ་ཕྱོགས་གཅིག་གྱུར་སྡེ་ཚན་གྱིས་སྣེ་ཁྲིད་མཐུན་སྦྱོར། མི་རིགས་ལས་དོན་སྡེ་ཚན་གྱིས་རང་འགན་གཙང་སྒྲུབ། སྡེ་ཚན་ཁག་ཕྱར་བ་གྲུ་འདེགས། སྤྱི་ཚོགས་ཡོངས་ཞུགས་པ་བཅས་ཀྱི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་རྣམ་པ་ཆགས་པར་བྱེད་དགོས། གཞི་རིམ་གྱི་མི་རིགས་ལས་དོན་གྱི་སྒྲིག་གཞི་འཛུགས་སྐྲུན་དང་མི་རིགས་ལས་དོན་གྱི་སྟོབས་ཤུགས་ལ་ཤུགས་སྣོན་བརྒྱབ་ནས་གཞི་རིམ་གྱི་མི་རིགས་ལས་དོན་ནུས་ལྡན་ངང་སྒྲུབ་ཐུབ་པའི་འགན་ལེན་བྱེད་དགོས། དུས་རབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་མཐའ་འཁྱོངས་བྱས་ཏེ། ཏང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱེད་པའི་རྣམ་འགྱུར་ཧ་ཅང་བརྟན་པོ་དང་། ཡིན་མིན་ཆེན་པོ་གསལ་འབྱེད་བྱེད་པའི་ལངས་ཕྱོགས་ཧ་ཅང་གསལ་པོ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བའི་བྱ་སྤྱོད་ཧ་ཅང་བརྟན་པོ། མི་རིགས་ཁག་གི་མང་ཚོགས་ལ་དགའ་ཞེན་བྱེད་པའི་བརྩེ་སེམས་ཧ་ཅང་ཟོལ་མེད་བཅས་ཡིན་པའི་མི་རིགས་ས་ཁུལ་གྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ཧུར་ཐག་བྱས་ནས། རིམ་པ་ཁག་གི་འགོ་ཁྲིད་དབང་ཆ་དེ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་ལས་བྱེད་པའི་ལག་ཏུ་འཛིན་ཐུབ་པའི་འགན་ལེན་བྱེད་དགོས། ཆ་རྐྱེན་དཀའ་ཚེགས་ཆེ་བའི་ས་ཁུལ་དུ་ལས་ཀ་བྱེད་མཁན་འཐབ་ཕྱོགས་དང་པོའི་ལས་བྱེད་པར་སྔར་བས་མཐོང་ཆེན་དང་། དོ་ཁུར། གཅེས་སྐྱོང་བཅས་བྱས་ཏེ། ཕུལ་བྱུང་གི་ཤེས་ལྡན་མི་སྣ་དེ་བས་མང་པོའི་ཡིད་དབང་འགུག་དགོས། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གསོ་སྐྱོང་དང་བེད་སྤྱོད་ཡག་པོ་བྱ་རྒྱུར་མཐོང་ཆེན་བྱས་ཏེ། ཆབ་སྲིད་ཐད་ཉམས་སད་ཐེག་པ་དང་འགན་འཁུར་ཕོད་པའི་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་ཕུལ་བྱུང་ལ་ཡིད་ཆེས་གང་ལེགས་དང་ལས་འགན་གལ་ཆེན་འཁུར་དུ་འཇུག་དགོས། མི་རིགས་ས་ཁུལ་གྱི་གཞི་རིམ་སྲིད་དབང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། གཞི་རིམ་གྱི་རྨང་གཞི་བརྟན་དུ་བཏང་ནས་ཏང་གི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་མི་རིགས་ཀྱི་སྲིད་ཇུས་གཞི་རིམ་དུ་ཤེས་མཁན་ཡོད་པ་དང་མི་རིགས་ཀྱི་ལས་དོན་གཞི་རིམ་དུ་དམ་འཛིན་བྱེད་མཁན་ཡོད་པའི་འགན་ལེན་བྱེད་དགོས།
ལི་ཁེ་ཆང་གིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་། རང་རེའི་ཏང་གི་མི་རིགས་ལས་དོན་གྱི་ལོ་ངོ་བརྒྱའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་དང་ལོ་རྒྱུས་ཀྱི་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་ཕྱིར་དྲན་གནང་བ་དང་། མིག་སྔའི་ཏང་གི་མི་རིགས་ལས་དོན་ལ་འཕྲད་པའི་དུས་བབ་གསར་པར་དབྱེ་ཞིབ་གཏིང་ཟབ་གནང་བ། མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་རང་རེའི་ཏང་གི་དགོངས་པ་གལ་ཆེན་བརྒྱུད་རིམ་ལྡན་པའི་སྒོ་ནས་འཆད་འགྲེལ་གནང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུ་གཙོ་རྐང་དུ་བཟུང་ནས་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་མཛུབ་ཁྲིད་ཀྱི་དགོངས་པ་དང་། འཐབ་ཇུས་ཀྱི་དམིགས་ཚད། གཙོ་གནད་ལས་འགན། སྲིད་ཇུས་བྱེད་ཐབས་བཅས་ཁ་གསལ་བཏོན་གནང་ནས། དུས་རབས་གསར་པར་ཏང་གི་མི་རིགས་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད་པས། ཆབ་སྲིད་ཀྱི་རང་བཞིན་དང་། བསམ་བློའི་རང་བཞིན། རིགས་པའི་གཞུང་ལུགས་ཀྱི་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་ཡོད། དེ་ནི་ཏང་གི་མི་རིགས་ལས་དོན་ཁྱབ་ཁོངས་སུ་ཏང་གི་རྒྱལ་སྐྱོང་མཛད་ཇུས་གཅིག་སྡུད་ཐོག་མཚོན་པ་ཞིག་རེད། དེས་ན་ནན་ཏན་ངང་སློབ་སྦྱོང་དང་གོ་བ་ལེན་པ་དང“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་དང་ས་གནས་དེ་ག་དང་སྡེ་ཚན་དེ་གའི་དོན་དངོས་དང་ཟུང་འབྲེལ་གྱིས་ལས་འགན་ཁག་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས།
དབང་དབྱང་གིས་ཕྱོགས་སྡོམ་གསུང་བཤད་གནང་སྐབས་བསྟན་དོན། དོན་སྙིང་ཆེ་ལ་དགོངས་དོན་ཟབ་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དེས་དུས་རབས་གསར་པའི་མི་རིགས་ལས་དོན་སྒྲུབ་རིང་དར་ཆ་གང་ཞིག་སྒྲེང་དགོས་པ་དང་ལམ་བུ་གང་ཞིག་གི་ཐོག་སྐྱོད་དགོས་པ་སོགས་ཀྱི་གནད་དོན་གལ་ཆེན་ལ་ཚན་རིག་དང་མཐུན་པའི་ངང་ལན་བཏབ་ཡོད། དེ་ནི་ཏང་གི་མི་རིགས་ལས་དོན་ལག་ལེན་ཁྲོད་ཀྱི་ཕྱོགས་སྡོམ་གསར་ཤོས་དང་། མར་ཁེ་སི་རིང་ལུགས་ཀྱི་མི་རིགས་རིགས་པའི་གཞུང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་ཤོས། དུས་རབས་གསར་པའི་མི་རིགས་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་གཞི་འཛིན་ས་བཅས་རེད། དེས་ན་མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ཁོང་དུ་ཆུད་པར་བྱེད་པ་དང་ལྟེ་བའི་དོན་སྙིང་དང་། དགོངས་དོན་གྱི་ངོ་བོ། ཕུན་སུམ་ཚོགས་པའི་ནང་དོན། ལག་ལེན་གྱི་བླང་བྱ་བཅས་ལ་གོ་བ་གཏིང་ཟབ་ལེན་དགོས། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་རྒྱང་སྐྱོད་ལམ་བུའི་ཐོག་ནས་དུས་མཚམས་འདིའི་མི་རིགས་ལས་དོན་གྱི་ལོ་རྒྱུས་ཀྱི་ཁ་ཕྱོགས་དང་ལས་འགན་གལ་ཆེན་ལ་སྟངས་འཛིན་བྱེད་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུའི་ལོ་རྒྱུས་ཀྱི་ལྡོག་མེད་རང་བཞིན་དང་། ཧ་ཅང་གལ་ཆེན་རང་བཞིན། དོན་དངོས་ཀྱི་དམིགས་སའི་རང་བཞིན་བཅས་ལ་ངོས་འཛིན་གཏིང་ཟབ་ཐུབ་པར་བྱས་ནས་དེ་ཉིད་མི་རིགས་ལས་དོན་གྱི་ཁྱབ་ཁོངས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་ཡག་པོ་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་བ་དང་། རྣམ་པ་སྣ་ཚོགས་ཀྱི་སློབ་སྦྱོང་གསོ་སྦྱོང་དང་དྲིལ་བསྒྲགས་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ། དོན་དངོས་དང་ཟུང་འབྲེལ་གྱིས་ལག་བསྟར་བསམ་འཆར་བཟོ་བ། འགོ་ཁྲིད་ལ་ཤུགས་སྣོན་དང་འགན་འཁྲི་དོན་འཁྱོལ་ཏན་ཏིག་བྱེད་པ། མཐུན་སྦྱོར་ཡག་པོ་དང་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས།