ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་མཛའ་གྲོགས་མི་སྣའི་གཉེན་ཉེར་འཕྲིན་ལན་སྤྲིངས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-09-19   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་14ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སི་ནུའོ་དང་། མཱ་ཧའེ་ཏེ། ཨའེ་ལི། ཨའེ་ཕོའོ་སི་ཐན་སོགས་རྒྱལ་སྤྱིའི་མཛའ་གྲོགས་མི་སྣའི་གཉེན་ཉེར་འཕྲིན་ལན་སྤྲིངས་ནས་དེ་སྔ་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་དང་ཕྱར་བ་གྲུ་འདེགས་དང་། སྐྱིད་སྡུག་མཉམ་མྱོང་། མཉམ་དུ་དམག་འཐབ་བཅས་བྱས་ཏེ་ཀྲུང་གོའི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་བྱ་གཞག་ལ་རྩ་ཆེའི་ལེགས་སྐྱེས་འབུལ་མཁན་གྱི་རྒྱལ་སྤྱིའི་མཛའ་གྲོགས་མི་སྣར་རྗེས་དྲན་ཟབ་མོ་ཞུས་པ་རེད།

ཞི་ཅིན་ཕིང་གིས་འཕྲིན་ཡིག་ནང་། དུས་རབས་20པའི་སྟོད་ལ་སི་ནུའོ་དང་། མཱ་ཧའེ་ཏེ། པའེ་ཆིའུ་ཨེན། ཁེ་ཏི་ཧྭ། ཨའེ་ལི། ཨའེ་ཕོའོ་སི་ཐན་སོགས་རྒྱལ་སྤྱིའི་མཛའ་གྲོགས་མི་སྣ་འབོར་ཆེན་ཞིག་གིས་ལམ་ཐག་རིང་པོར་མ་འཛེམས་པར་ཀྲུང་གོར་ཡོང་སྟེ་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་དང་ཕྱར་བ་གྲུ་འདེགས་དང་། སྐྱིད་སྡུག་མཉམ་མྱོང་། མཉམ་དུ་དམག་འཐབ་བཅས་བྱས་ཡོད། ང་ཚོས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་བྱ་གཞག་ཁྲོད་ཁོང་ཚོས་རྩ་ཆེའི་ལེགས་སྐྱེས་ཕུལ་བ་དང་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་བརྩེ་བ་བཅངས་པ་ནམ་ཡང་བརྗེད་མི་སྲིད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་ཚུན་དུ་དུས་རབས་ཀྱི་འབོད་སྐུལ་དང་། མི་དམངས་ཀྱི་རེ་སྒུག རྒྱལ་སྤྱིའི་མཛའ་གྲོགས་མི་སྣའི་ཡིད་ཆེས་བཅས་ཆུད་ཟོས་སུ་མ་བཏང་བར་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཡུན་རིང་འབད་འཐབ་བྱས་པས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱུང་བ་དང་། ཀྲུང་གོའི་མི་དམངས་ཀྱི་འགོ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེའི་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་པའི་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་ཕྱོགས་སུ་མདུན་སྐྱོད་བྱས་ཏེ། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཡོང་བའི་བླ་ན་མེད་པའི་བྱ་གཞག་ལ་ཟམ་མི་ཆད་པར་སྐུལ་འདེད་གཏོང་བཞིན་ཡོད་པས། ཁྱེད་ཚོའི་གཉེན་ཉེའི་དེ་སྔའི་གདམ་ག་ནི་རྦད་དེ་ཡང་དག་པ་ཞིག་རེད་ཅེས་ནན་བཤད་གནང་བ་རེད།

ཞི་ཅིན་ཕིང་གིས་ལོ་རྒྱུས་ཀྱི་འཁོར་ལོ་རྒྱུན་ཆད་མེད་པར་མདུན་དུ་འཁོར་བཞིན་ཡོད་པ་དང་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཡག་པོ་བྱུང་ཡོད། ཁྱེད་ཚོས་གཉེན་ཉེ་རྣམས་མིག་དཔེར་བཟུང་སྟེ་ཀྲུང་གོའི་མི་དམངས་དང་འཛམ་གླིང་མི་དམངས་ཀྱི་མཛའ་གཅུགས་དང་མཉམ་ལས་ཟབ་ཏུ་གཏོང་བ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཉེ་ཆར་སི་ནུའོ་དང་། མཱ་ཧའེ་ཏེ། ཨའེ་ལི། ཨའེ་ཕོའོ་སི་ཐེན། སྨི་ལེ། ཁེ་ལུའུ་ཁེ། ཀྲེང་ལུད་ཁྲེང་། ལི་ཧྲ། ཧྥུའུ་ལའེ། ཝེ་ལུའུ་ཧྲི། ཡེ་ཧྭ། ཁྲེན་པི་ཏི་སོགས་རྒྱལ་སྤྱིའི་མཛའ་གྲོགས་མི་སྣའི་གཉེན་ཉེ་16གིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ནས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས་ཏེ། ཀྲུང་གོའི་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་76འཁོར་བའི་མཚམས་སུ་མཉམ་དུ་དགྲ་འགོག་གི་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་འདོད་ཡོད་ཅེས་དང་། ཁོང་ཚོའི་གཉེན་ཉེས་དེ་སྔ་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་དང་མཉམ་འགྲོགས་མདུན་སྐྱོད་བྱས་པར་སྤོབས་པ་སྐྱེ་ཡི་འདུག་ཅེས་བརྗོད་པ་མ་ཟད། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་གྲོས་འགོའི་མཛུབ་ཁྲིད་འོག་དུས་རབས་གསར་པའི་རྒྱལ་སྤྱིའི་རིང་ལུགས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་ནས་ཀྲུང་ཕྱིའི་མི་དམངས་ཀྱི་མཛའ་གཅུགས་ཟབ་ཏུ་གཏོང་བ་དང་ཀྲུང་གོར་རྒྱབ་སྐྱོར་བྱས་ནས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བར་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན་ཞེས་བརྗོད་པ་རེད།