པཎ་ཆེན་མཆོག་གིས་དགེ་ལུཌ་པའི་མདོ་ཕྱོཌ་ཀྱི་མཚན་གནས་མཐོ་ཤོས་བཞེས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-11-01   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར།

        ཚེས་26ཉིན་གྱི་དགོང་མོ། དུས་ཡུན་ཆུ་ཚོད་གཉིས་ལ་ཉེ་བའི་མཚན་བཏགས་དམ་འཇོག་གནང་བ་བརྒྱུད། བོད་རང་སྐྱོང་ལྗོངས་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཁག་གི་དགོན་སྡེའི་དབུ་མཛད་ཀྱི་འཐུས་ཚབ་དང་བཀྲ་ཤིས་ལྷུན་པོ་དགོན་གྱི་བླ་མ་སྐྱེས་ཆེན་དང་དེ་བཞིན་དད་ལྡན་མང་ཚོགས་བཅས་མི་800ཡི་བདེན་དཔང་འོག པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གདན་ས་བཀྲ་ཤིས་ལྷུན་པོར་དམ་འཇོག་ལེགས་པར་གྲུབ་ནས་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་མདོ་ཕྱོགས་ཀྱི་མཚན་གནས་མཐོ་ཤོས་གྲས་ཏེ། དཀའ་ཆེན་གྱི་མཚན་གནས་བཞེས་པ་རེད།

        དཀའ་ཆེན་ནི《གཞུང་ཆེན་པོད་ལྔ》དང་བཅས་པའི་རིག་པའི་གནས་མཐའ་དག་ལ་སྦྱངས་པ་མཐར་ཕྱིན་མཛད་པའི་དོན་ཏེ་བཀྲ་ཤིས་ལྷུན་པོ་དགོན་གྱི་མདོ་ཕྱོགས་ཀྱི་མཚན་གནས་མཐོ་ཤོས་ཡིན་ཞིང་། ལྷ་རམས་པའི་དགེ་བཤེས་ཀྱི་མཚན་གནས་དང་འདྲ་ལ། དེང་རབས་སློབ་གསོའི་འབུམ་རམས་པའི་སློབ་གནས་དང་ཡང་འདྲ་བ་ཡིན།

        དེ་ཉིན་དགོང་མོའི་མཚན་བཏགས་དམ་འཇོག་ལ་རེས་འཁོར་གཉིས་སུ་དབྱེ་ཡོད་པ་དང་། རེས་འཁོར་རེ་རེར་དུས་ཡུན་སྐར་མ་30ཡིན་ཞིང་། པཎ་ཆེན་རིན་པོ་ཆེས་སྔ་རྒོལ་དང་ཕྱི་རྒོལ་གྱི་ཕྱོགས་སོ་སོར་བཟུང་ནས་རྟགས་གསལ་བཏང་གནང་བ་རེད། དམ་བཅའི་ནང་དོན་ལ་ཐོག་མཐའ་བར་གསུམ་དུ་བོད་བརྒྱུད་ནང་བསྟན་གྱི“བདེན་པ་བཞིའི”བསྟན་དོན་གཞིར་བཟུང་ཞིང་། སྔ་རྒོལ་པའི་ཕྱོགས་བཟུང་སྐབས་པཎ་ཆེན་རིན་པོ་ཆེས་སྐབས་འགར་ཕྱག་གཡས་གཡོན་རྡེབ་པའི་ཕྱག་རྒྱས་རྩོད་ལན་སློག་མཁན་ལ་རིགས་བསླངས་པ་དང་། དཀྱིལ་ཀྲུང་དུ་བཞུགས་སྐབས་བབ་བརླིང་ངང་རྒོལ་ལན་ཐོགས་པ་མེད་པར་བསྐྱོན།
        ཆུ་ཚོད་20དང་སྐར་མ་10ལ། མཚན་བཏགས་དམ་འཇོག་ལེགས་པར་གྲུབ་ནས་རྩོད་རྒྱུགས་ལོན། དེ་རྗེས་དགོན་སྡེའི་བླ་མ་སྐྱེས་ཆེན་གྱི་སྐུ་ཚབ་སོགས་ཀྱིས་པཎ་ཆེན་རིན་པོ་ཆེར་མཎྜལ་དང་མཇལ་དར་ཕུལ་ནས་ཁོང་གིས་དཀའ་ཆེན་གྱི་མཚན་གནས་བཞེས་པར་བཀྲ་ཤིས་བདེ་ལེགས་ཞུས་པ་རེད།

        “པཎ་ཆེན་མཆོག་དཀའ་ཆེན་མཚན་གནས་བཞེས་པ་ནི་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་གོང་འཕེལ་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད”ཅེས་ལྷ་ས་དགའ་ལྡན་དགོན་པའི་མཁན་པོ་ངག་དབང་ཆོས་འཕགས་ཀྱིས་གསུངས། བོད་རང་སྐྱོང་ལྗོངས་ཀྱི་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ད་ལོ་དགུང་ལོ་78ལ་ཕེབས་པའི་བཀྲ་ཤིས་ལྷུན་པོ་དགོན་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་དང་པོ་ས་ལུང་ཕུན་ལགས་ཀྱིས“སྤྲུལ་སྐུ་ཁོང་སྤྱང་གྲུང་འཛོམས་ཤིང་བྱམས་དང་སྙིང་རྗེ་ཆེ་ལ་ང་ཚོའི་རྩ་བའི་བླ་མ་རེད། སྤྲུལ་སྐུ་ཁོང་གིས་མུ་མཐུད་དུ་ནང་ཆོས་ལ་སྦྱངས་པ་མཐར་ཕྱིན་མཛད་པ་དང་། པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་གནང་ནས་སྤྱི་ཚོགས་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་གནང་རྒྱུའི་རེ་བ་ཡོད”ཅེས་གསུངས་པ་རེད།
        ས་ལུང་ཕུན་ལགས་ཀྱིས་དཔེ་ཆ་བ་དགེ་འདུན་པ་ཞིག་དགོན་པར་ཞུགས་པ་ནས་བོད་བརྒྱུད་ནང་བསྟན་གྱི་རྨང་གཞིའི་ཤེས་བྱ་དང《གཞུང་ཆེན་པོད་ལྔ》སྦྱངས་པ་མཐར་ཕྱིན་བྱས་རྗེས་གཞི་ནས་དཀའ་ཆེན་གྱི་མཚན་གནས་རྒྱུགས་སྤྲོད་ཆོག་གི་ཡོད་ཅིང་། སྤྱིར་ན་ལོ་18འགོར་གྱི་ཡོད་ཅེས་ངོ་སྤྲོད་གནང་བ་རེད།