རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-11-02   རྩོམ་ཁུངས།    གསོ་རིག་རྒྱུན་ཤེས་འཕྲིན་སྟེགས།
ཆམ་རིམས་ཀྱི་བསྡུས་མིང་ལ་ཆམ་ནད་ཟེར་ཞིང་། དེ་ནི་ཆམ་རིམས་ནད་དུག་ལས་བྱུང་བའི་རྒྱུན་མཐོང་གི་དབུགས་ལམ་འགོ་ནད་ཅིག་ཡིན་ལ།སྟོན་ཁ་དང་དགུན་ཁའི་དུས་སུ་འགོ་ཚད་དང་འབྱུང་ཚད་མཐོ་བར་མ་ཟད། གློ་བུར་འབྱུང་བ་དང་དར་ཁྱབ་ཆེ་བ་ཞིག་ཀྱང་རེད། སྤྱིར་བཏང་ཉིན1ནས3བར་ནད་རྟགས་ཕྱིར་མི་མངོན་པ་དང་། དེ་ནས་ཚ་རྒྱས་པ་དང་མགོ་ན་བ། ཤ་གནད་ན་བ། ཤུགས་མེད་པ། སྣ་འཚུབ་པ། སྣ་ཆུ་བཞུར་བ། ཧབ་སྦྲིད་རྒྱག་པ་སོགས་ནད་རྟགས་འབྱུང་ཞིང་། ནད་གཞི་རང་སྟེང་ནས་དེ་འདྲའི་ལྗིད་མོའི་རིགས་མིན་པར་ཚོད་འཛིན་བྱེད་ཐུབ་པ་ཞིག་ཡིན་མོད། འོན་ཀྱང་གློ་བའི་གཉན་ཚད་དང་སྙིང་ཤའི་གཉན་ཚད་སོགས་འདུས་ནད་བསླང་སླ་བས། སྦྲུམ་མ་དང་ལོ་ལོན། ཕྲུ་གུ་དམར་འབྱར་དང་དལ་གཤིས་ནད་ཕོག་པའི་ནད་པར་ནད་རིགས་འདིས་གནོད་པ་ཚབས་ཆེན་ཐེབས་ཀྱིན་ཡོད།
ཆམ་རིམས་སྔོན་འགོག་བྱེད་པར་ཆེས་སླ་ཞིང་ཆེས་ཕན་འབྲས་ལྡན་པའི་བྱེད་ཐབས་ནི་ཆམ་རིམས་སྨན་ཁབ་གསར་པ་རྒྱག་རྒྱུ་དེ་རེད། རིམས་འགོག་སྨན་ཁབ་རྒྱག་པར་ཆེས་བཟང་བའི་དུས་ནི་ལོ་རེའི་ཆམ་རིམས་དུས་ཚིགས་སྔོན་གྱི་ཟླ9པ་ནས11པའི་བར་ཡིན། སྤྱིར་བཏང་དུ་རིམས་འགོག་སྨན་ཁབ་བརྒྱབ་རྗེས། དུས་ཡུན་ཟླ་ཕྱེད་འགོར་བའི་རྗེས་སུ་ལུས་སྟེང་དུ་དུག་སྲིན་འགོག་པའི་ནུས་པ་ཐོན་གྱིན་ཡོད་པས་རིམས་འགོག་སྨན་ཁབ་སྔོན་ལ་བརྒྱག་དགོས། སྒོ་ང་མི་འཕྲོད་པའི་རིགས་དང་། མྱུར་གཤིས་འགོ་ནད་འགོས་པའི་ནད་པ། སྨྱོ་ནད་ཕོག་པའི་ནད་པ། མངལ་སྦྲུམ་པའི་དུས་དང་ཟླ6མན་གྱི་བྱིས་པ་དམར་འབྱར་རིགས་ལ་བཀོལ་སྤྱོད་བྱེད་མི་རུང་།
དེ་ལས་གཞན། རྒྱུན་ལྡན་གྱི་འཚོ་བའི་ཁྲོད། སྔོན་འགོག་བྱེད་པར་མཉམ་འཇོག་བྱེད་དགོས།
དྲ་མ་ཕྱེས་ནས་འཚོ་བ་དང་བྱ་བའི་ཁོར་ཡུག་ཁྲོད་མཁའ་དབུགས་རྒྱུ་བར་བྱེད་དགོས།
དབུགས་ལམ་གཉན་ཚད་རྒྱུགས་ཆེ་བའི་སྐབས་སུ། མི་ཚོགས་མང་ས་དང་སྤྱི་པའི་ར་བ་རུ་འགྲོ་མི་རུང་།
ལག་པ་བཀྲུ་བར་གོམས་པ་དང་ནམ་ཟླའི་འགྱུར་བར་མཉམ་འཇོག་བྱས་ཏེ། གནམ་གཤིས་ཀྱི་འགྱུར་བར་བལྟས་ནས་གོན་པ་བརྗེ་དགོས།
ལུས་ཕུང་སྦྱོང་བརྡར་བྱས་ཏེ་གྲང་བཟོད་ནུས་པ་ཇེ་མཐོ་དང་གཟུགས་གཞི་བདེ་ཐང་ཡོང་བར་བྱེད་དགོས།
ཟ་མ་ལུགས་མཐུན་ངང་བསྟེན་པ་དང་། སྔོ་ཚོད་དང་སིལ་ཏོག་མང་བཟའ་བྱས་ཏེ། འཚོ་བཅུད་འདང་ངེས་ཡོང་བ་རྒྱུན་འཁྱོངས་བྱེད་པ་དང་ཆུ་ཁོལ་མང་དུ་འཐུང་དགོས། སྒོག་རིལ་རློན་པ་དང་ཙོང་མང་དུ་བསྟེན་ན་འབུ་ཕྲ་དང་ནད་དུག་འགོག་ཐུབ།
དབུགས་ལམ་འགོས་ནད་ཀྱི་འགོག་ཤུགས་ཞན་པའི་ནད་པ་དག་དབུགས་ལམ་འགོ་ནད་ཕོག་པའི་ནད་པ་དང་རིང་དུ་གྱེས་དགོས། ཁ་ཐུམ་བརྒྱབ་ན་སྔོན་འགོག་བྱེད་པའི་ནུས་པ་ངེས་ཅན་ཞིག་ཐོན་ཐུབ།
ཚ་རྒྱས་པ་དང་དབུགས་ལམ་གྱི་ནད་རྟགས་མངོན་པའི་སྐབས་སུ། སྨན་ཁང་ནང་སོང་ནས་དུས་ཐོག་ཏུ་བརྟག་དཔྱད་བྱས་ན། སྔ་མོ་ནས་དབུགས་ལམ་འགོ་ནད་སྨན་བཅོས་བྱེད་པར་ཕན་པ་ཡོད། །