རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-11-05   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར།
ན་སོ་རྒས་པ་དང་སྦྲགས། ངོ་གདོང་ལ་གཉེར་མ་མང་དུ་འགྲོ་གི་ཡོད། མ་ཟད་སྐྲ་དཀར་སྐྱེས་ན་ཤིན་ཏུ་རྒས་པའི་སྣང་བ་ཞིག་སྟེར་གྱི་ཡོད། ལྷག་པར་དུ་བུད་མེད་ལ་སྐྲ་དཀར་སྐྱེས་ན་རྒས་ཉམས་དེ་བས་དོད་པས། མི་མང་པོ་ཞིག་གིས་སྐྲ་ཚོས་རྒྱག་གི་ཡོད། འོན་ཀྱང་སྐྲ་ཚོས་བརྒྱབ་དྲགས་ན་སྐྲན་ནད་ཕོག་ཉེན་ཆེན་པོ་ཡོད། གང་ཡིན་ཟེར་ན།
པེ་ཅིང་སློབ་ཆེན་སྐྲན་ནད་སྨན་ཁང་གི་ཞིབ་འཇུག་བྱས་འབྲས་ཤིག་ལས། ལོ་ལྟར་སྐྲ་ཚོས་ཐེངས་8ཡན་རྒྱག་མཁན་ནམ། སྐྲ་ཚོས་བརྒྱབ་ནས་ལོ་25ཡན་སོང་བའི་བུད་མེད་ཚོར་རྨེན་སྐྲན་ཕོག་པའི་ཉེན་ཁ་མི་གཞན་ལས་ལྡབ་3གྱིས་ཆེ་བ་ཡོད། ལྷག་པར་དུ་ཚོས་ཡུན་རིང་པོ་གནས་ཐུབ་པའི་སྐྲ་ཚོས་རྒྱག་མཁན་ཚོར་རྨེན་སྐྲན་ཕོག་པའི་ཉེན་ཁ་དེ་བས་ཆེ་བ་ཡོད།
གང་ཡིན་ཟེར་ན་དུས་ཡུན་རིང་པོ་གནས་ཐུབ་པའི་སྐྲ་ཚོས་དེ་ཚོ་རྫས་འགྱུར་གི་དངོས་པོས་བཟོས་པ་ཤ་སྟག་རེད།
གཞན་ཡང་། རྒྱུན་རིང་པོ་གནས་པའི་ཚོས་དེ་དག་ཁྲོད་སྤྱིར་ན་ཨན་དང་། ཀོ་ཡང་ཧྭ་ཆིང་། ཏུས་པན་ཨར་ཨན་སོགས་དངོས་རྫས་གསུམ་འདུས་ཡོད། དེའི་ཁྲོད་ཀྱི་ཀོ་ཡང་ཧྭ་ཆིང་དང་ཏུས་པན་ཨར་ཨན་གྱི་བསྡུས་ཚད་མཐོ་པོ་ཡོད་ན་སྐྲན་ནད་ཕོག་པའི་ཉེན་ཁ་ཡོད། རང་རྒྱལ་གྱི《བྱུག་རྫས་ཀྱི་འཕྲོད་བསྟེན་ཚད་གཞི》ལས། སྐྲ་ཚོས་ནང་ཏུས་པན་ཨར་ཨན་བསྡུས་ཚད་མཐོ་ཤོས་6%བླུག་ཆོག་པ་དང་། ཚད་གཞི་དེ་ལས་བརྒལ་ཚེ་སྐྲན་ནད་ཕོག་པའི་ཉེན་ཁ་ཡོད་པ་འཁོད་ཡོད།
རྟག་ཏུ་སྐྲ་ཚོས་བརྒྱབ་ན་གཟུགས་པོར་གནོད་འཚེ་གང་ཡོད་དམ་ཞེ་ན། གཟུགས་པོར་མ་འཕྲོད་པ་དང་། ལྕགས་རིགས་ལྕི་གྲས་ཀྱི་དུག་ཕོག་པ། སྐྲ་འབུད་པ། སྐྲན་ནད་ཕོག་པའི་ཉེན་ཁ་བཅས་ཡོད།
སྐྲ་ཚོས་རྒྱག་སྐབས་དོ་སྣང་བྱེད་དགོས་པ་དྲུག
དང་པོ། ཚད་ལོན་པའི་སྐྲ་ཚོས་ཉོ་དགོས་པ།
མི་མང་པོ་ཞིག་གིས་དྲ་ཐོག་ནས་སྐྲ་ཚོས་ཉོས་ཏེ་རང་ཉིད་ཀྱིས་སྐྲ་ཚོས་རྒྱག་གི་ཡོད་པས། སྐྲ་ཚོས་ཉོ་དུས་རིན་གོང་ཁོ་ན་མིན་པར་སྤུས་ཀར་ལྟ་དགོས།
གཉིས་པ། མགོ་ལྤགས་ལ་རྨ་ཡོད་ན་སྐྲ་ཚོས་རྒྱག་རྒྱུ་མེད།
མགོ་ལྤགས་ལ་རྨ་བཟོས་པའམ་ཡང་ན་ཐོར་པ་བརྡོལ་བ་སོགས་ཀྱི་གནས་ཚུལ་འོག སྐྲ་ཚོས་གཏན་ནས་རྒྱག་རྒྱུ་མེད། གང་ཡིན་ཟེར་ན། སྐྲ་ཚོས་ཁྲོད་ཀྱི་རྫས་འགྱུར་དངོས་པོ་རྨ་ཁ་ནས་མིའི་གཟུགས་པོའི་ནང་འཛུལ་ནས་བདེ་ཐང་ལ་གནོད་འཚེ་ཆེན་པོ་བཟོ་གི་ཡོད།
གསུམ་པ། སྐྲ་ཚོས་མ་བརྒྱབ་གོང་རང་ཉིད་ལ་འཕྲོད་ཀྱི་ཡོད་མེད་ལྟ་དགོས།
མི་མང་པོས་སྐྲ་ཚོས་བརྒྱབ་ནས་གཟུགས་པོར་འཕྲོད་ཀྱི་ཡོད་མེད་ལ་སྣང་བ་གཏོང་གི་མེད། འོན་ཀྱང་སྐྲ་ཚོས་ཀྱི་རྫས་འགྱུར་དངོས་པོ་མང་པོ་པགས་པར་འཕྲོད་ཀྱི་མེད་པས། ཚོས་མ་བརྒྱབ་གོང་ལག་པའི་སྟེང་དང་རྣ་རྒྱབ་ཏུ་ཏོག་ཙམ་བྱུགས་ནས་འཕྲོད་མིན་ལྟ་དགོས།
བཞི་པ། སྐྲ་ཚོས་བརྒྱབ་རྗེས་མགོ་འཁྲུ་དགོས།
སྐྲ་ཚོས་བརྒྱབ་རྗེས་མགོ་འཁྲུ་རྒྱུ་མ་བརྗེད་པ་བྱེད་དགོས། མགོ་བཀྲུས་ན་སྐྲའི་སྟེང་ལུས་པའི་ཚོས་དག་པ་མ་ཟད། ད་དུང་དེའི་དྲི་མ་ཡལ་འགྲོ་གི་ཡོད།
ལྔ་པ། རང་ཉིད་ཀྱི་སྐྲ་ཚོས་བརྒྱབ་ན་གསལ་བཤད་ཡི་གེར་ཡག་པོ་ལྟ་དགོས།
གལ་སྲིད་རང་སོ་སོས་སྐྲ་ཚོས་བརྒྱབ་ཚེ་ངེས་པར་དུ་གསལ་བཤད་ཡི་གེ་ཇི་བཞིན་རྒྱག་དགོས་པ་ལས། སྦྱོར་བ་མི་འདྲ་བ་གཉིས་མཉམ་དུ་བྱུག་མི་ཉན་ལ། ཚོས་དུས་ཡུན་རིང་པོ་གནས་པའི་ཆེད་སྐྲ་ཚོས་བྱུགས་ནས་ཡུན་རིང་པོ་འཇོག་མི་ཉན།
དྲུག་པ། གཤམ་གྱི་མི་འདི་དག་གིས་ཡག་ཤོས་བྱུང་ན་སྐྲ་ཚོས་རྒྱག་རྒྱུ་མེད།
སྦྲུམ་མ་དང་། ཁྲག་ཤེད་མཐོ་བ། ཕྲུ་གུར་འོ་མ་སྟེར་མཁན། དབུགས་འཚང་ནད་ཕོག་པ་བཅས་ཀྱིས་རབ་བྱུང་ན་སྐྲ་ཚོས་གཏན་ནས་རྒྱག་རྒྱུ་མེད། དེ་མིན་ན་ཕྲུ་གུའི་འཚར་ལོངས་དང་རང་ཉིད་ཀྱི་སྨན་བཅོས་བཅས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད།