རྒྱ་བོད་ཤན་སྦྱར་མིང་གཏེར་ཆེན་མོའི་ལས་གཞི་འགོ་ཚུགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-11-26   རྩོམ་ཁུངས།    ཁམས་པའི་བརྙན་འཕྲིན།

        ཟླ་བཅུ་གཅིག་པའི་ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོར། ཁམས་པའི་བརྙན་འཕྲིན་ཁང་ནས་རྒྱ་བོད་ཤན་སྦྱར་མིང་གཏེར་ཆེན་མོའི་རྩོམ་སྒྲིག་བགྲོ་གླེང་ཚོགས་འདུ་དང་འགོ་ཚུགས་མཛད་སྒོ་སྤེལ་བ་རེད། ལས་གཞི་འདི་ནི་སི་ཁྲོན་ཞིང་ཆེན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་གྲངས་ཉུང་མི་རིགས་སྐད་བརྡ་སྒྱུར་སྐྲུན་སྒྲོག་གཏོང་ལྟེ་གནས་ཏེ་ཁམས་པའི་བརྙན་འཕྲིན་ཁང་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་ཐུན་མོང་ཐོག་སི་ཁྲོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱིས་རྒྱབ་སྐྱོར་བྱས་པའི་ཚིག་མཛོད་དཔེ་སྐྲུན་ལས་གཞི་གལ་ཆེན་ཞིག་ཡིན་ལ། མིང་བརྡ་འབུམ་གསུམ་འདུས་པའི་རྒྱ་བོད་སྐད་གཉིས་ཀྱི་ཚིག་མཛོད་ཅིག་ཡིན་པ་རེད།

        ཐེངས་འདིའི་འགོ་ཚུགས་མཛད་སྒོར་སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག ཏང་ཨུའི་ཧྲུའུ་ཅི་གཞོན་པ་དབྱང་ཡིང་དང་སི་ཁྲོན་ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ལྷན་གྱི་རིམ་པ་གཉིས་པའི་སྐོར་ཞིབ་པ་ཧོ་ཡའོ་ཅུན། སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་སྲིད་འཛིན་སྤྱི་ཁྱབ་ལྟ་སྐུལ། སྒྱུར་སྐྲུན་ལྟེ་གནས་ཀྱི་ཀྲུའུ་རེན། ཁམས་པའི་བརྙན་འཕྲིན་ཁང་གི་སྤྱི་ཁྱབ་ལྟ་སྐུལ་ཁུང་པིང་། སི་ཁྲོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་སློབ་གསོ་ཚན་རིག སྐད་ཡིག་ཁྲུའུ་ཡི་ཁྲུའུ་ཀྲང་མཱ་ལི་ཧྥ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་འཛིན། སྤྱི་ཁྱབ་རྩོམ་སྒྲིག་པ་ཨ་སྔགས་ཚེ་རིང་བཀྲ་ཤིས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་འཛིན་གཞོན་པ། སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ། བོད་ཡིག་དཔེ་སྐྲུན་ལྟེ་གནས་ཀྱི་ཀྲུའུ་རེན་མི་ཉག་འོད་ཟེར། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ། མིང་གཏེར་ཆེན་མོའི་ཆེད་མཁས་པ་བཙན་ལྷ་ངག་དབང་ཚུལ་ཁྲིམས། སྒྱུར་སྐྲུན་ལྟེ་གནས་ཀྱི་ལས་ཐོག་སྔོན་མའི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་ཡེ་ཤེས་རྡོ་རྗེ། ཁམས་པའི་བརྙན་འཕྲིན་ཁང་གི་ཏང་ཨུའི་ཁོངས་མི་ཧན་ཅན་དང་བཀྲ་ཤིས་ཉི་མ་བཅས་ཞུགས་ཡོད་པ་རེད།

        ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བཟུང་ཏང་དང་རྒྱལ་ཁབ་ཀྱིས་བོད་ཡིག་གི་ཚིག་མཛོད་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པ་ནས་དགུ་བཅུ་པའི་བར་དུ་བོད་རྒྱ་ཚིག་མཛོད་ཆེན་མོ་དང་རྒྱ་བོད་ཤན་སྦྱར་ཚིག་མཛོད་སོགས་ཚིག་མཛོད་རྩོམ་སྒྲིག་བྱ་རྒྱུར་སྒྲིག་འཛུགས་དང་སྐུལ་འདེད་བཏང་ཡོད། འོན་ཀྱང་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་ཆབས་ཅིག་འདུ་ཤེས་གསར་པ་དང་ཤེས་བྱ་གསར་པ་ཉིན་རེ་བཞིན་འཕེལ་རྒྱས་ཕྱིན་ནས་ཚིག་མཛོད་དེ་དག་གིས་སྤྱི་ཚོགས་ལས་རིགས་ཁག་གི་རྒྱ་བོད་་ཡིག་སྒྱུར་ཐད་ཀྱི་དགོས་མཁོ་སྐོང་ཐུབ་ཀྱི་མེད། དེ་བས་སི་ཁྲོན་ཞིང་ཆེན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་གྲངས་ཉུང་མི་རིགས་སྐད་བརྡ་སྒྱུར་སྐྲུན་སྒྲོག་གཏོང་ལྟེ་གནས་ཏེ་ཁམས་པའི་བརྙན་འཕྲིན་ཁང་གིས་༢༠༢༠ལོའི་ཟླ་བདུན་པར་པར་སི་ཁྲོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་ལ་རྒྱ་བོད་ཤན་སྦྱར་མིང་གཏེར་ཆེན་མོ་རྩོམ་སྒྲིག་བྱ་རྒྱུའི་སྐོར་གྱི་སྙན་ཞུ་ཕུལ་ནས་ཚིག་མཛོད་རྩོམ་སྒྲིག་གི་གོམ་པ་དང་པོ་སྤོས་པ་རེད།

        རྒྱ་བོད་ཤན་སྦྱར་མིང་གཏེར་ཆེན་མོ་ནི་ཕྱོགས་བསྡུས་རང་བཞིན་གྱི་རྒྱ་བོད་ཤན་སྦྱར་ལག་ཆའི་དཔེ་དེབ་ལ་གཏན་འཁེལ་བྱས་ཡོད་ཅིང་། དེའི་འཚོལ་བསྡུ། ཡིག་བསྒྱུར། ཞུ་དག རྩོམ་སྒྲིག་བཅས་ཚང་མ་རྒྱལ་སྤྱིའི་ཚིག་མཛོད་རྩོམ་སྒྲིག་གི་སྒྲིག་སྲོལ་དང་ཚད་གཞི། བྱ་ཐབས་བཅས་གཞིར་བཟུང་ནས་རྩོམ་སྒྲིག་བྱ་རྒྱུ་ཡིན་ལ། ལྷག་པར་དུ་རྒྱ་ཡིག་གི་མཚོན་རྟགས་དང་ཐ་སྙད། ཚན་རྩལ་ཐ་སྙད། ཨང་གྲངས། འཇལ་བྱེད་སོགས་རྒྱལ་ཁབ་ཀྱི་ཚད་གཞི་ཅུས་དང་རྒྱལ་ཁབ་ཀྱི་ལག་རྩལ་ལྟ་སྐུལ་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་འབྲེལ་ཡོད་ཚད་གཞི་ལྟར་ལག་བསྟར་ནན་པོ་བྱ་རྒྱུ་ཡིན། བོད་ཡིག་བེད་སྤྱོད་བྱེད་པའི་ཚད་གཞི་དེ་རྒྱལ་ཁབ་ཀྱི་ཚད་གཞི་དཔྱད་གཞིར་འཛིན་པ་དང་ཆབས་ཅིག་བོད་ཀྱི་སྐད་ཡིག་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བོད་ཡིག་གི་སྲོལ་རྒྱུན་བརྡ་སྤྲོད་ཀྱི་ལུགས་ལྟར་ལག་བསྟར་ནན་མོ་བྱ་རྒྱུ་ཡིན། རྒྱ་བོད་ཤན་སྦྱར་མིང་གཏེར་ཆེན་མོ་ནི་ཚན་རིག་རང་བཞིན་དང་དངོས་སྤྱོད་རང་བཞིན། དབང་གྲགས་རང་བཞིན་བཅས་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་ཚིག་མཛོད་ཆེ་གྲས་ཤིག་ཏུ་གཏོད་རྒྱུའི་བརྩོན་ལེན་བྱེད་བཞིན་ཡོད།

        རྒྱ་བོད་ཤན་སྦྱར་མིང་གཏེར་ཆེན་མོ་ནང་བོད་འབྲེལ་ས་ཁུལ་གྱི་ལས་རིགས་ཁག་དང་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཐོན་སྐྱེད་དང་འཚོ་བ་དང་སློབ་སྦྱོང་ཁྲོད་རྒྱུན་དུ་སྤྱོད་པའི་སྤྱིར་བཏང་རིགས་ཀྱི་ཐ་སྙད་དང་དེ་བཞིན་ཆབ་སྲིད་དང་དཔལ་འབྱོར། རིག་གནས་སོགས་ཁྱབ་ཁོངས་ཀྱི་ཐ་སྙད་གསར་པ་དང་བོད་འབྲེལ་ཐ་སྙད་གསར་པ་བསྡུ་རྒྱུ་ཡིན་ལ། ཚིག་མཛོད་དེས་དངོས་སྤྱོད་རང་བཞིན་དང་དུས་རབས་རང་བཞིན་གང་ལེགས་མཚོན་པར་མ་ཟད། ཚིག་བསྡུ་གྲངས་དང་སྤུས་ཚད། ཁྱབ་ཁོངས་བཅས་ཐད་རྒྱ་བོད་ཤན་སྦྱར་གྱི་ཚིག་མཛོད་ཀུན་གྱི་རྩེ་གྲ་གཏོད་རྒྱུ་དམིགས་འབེན་དུ་བཟུང་ཡོད་ལ། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ལས་གཞིའི་བླང་བྱ་ལྟར་རྒྱལ་ཡོངས་ཀྱི་བོད་རིག་པའི་རིགས་གཅིག་མཁས་ཅན་དང་མཁས་དབང་རྩ་འཛུགས་བྱས་ནས་ལོ་གསུམ་ནང་རྩོམ་སྒྲིག་དང་དཔེ་སྐྲུན་གྱི་ལས་འགན་ལེགས་གྲུབ་ཡོང་བ་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད།