ནད་དུག“གཞན་འགྱུར”བྱུང་བས་ཚང་མ་གཟབ་དགོས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-11-30   རྩོམ་ཁུངས།    མི་དམངས་དྲ་བའི་བོད་ཡིག་འཕྲིན་སྟེགས།

    ཏེར་ཐ་དུག་སྡོང་དང་བསྡུར་ན་ཨའོ་སྨི་ཁོ་རོང་དུག་སྡོང་གི་འགོས་ཁྱབ་རང་བཞིན་ལྷག་ཏུ་ཆེ།  རྒྱལ་ཁབ་མང་པོ་ནས་ནད་རྟགས་གཏན་འཁེལ་བྱས་པའི་ནང་ཨའོ་སྨི་ཁོ་རོང་དུག་སྡོང་རྙེད་པས། རྒྱལ་ཁབ་དང་ས་ཁུལ་20ལྷག་ཙམ་གྱིས་རྒྱལ་ཁོངས་ནང་ཡོང་བའི་དོ་དམ་ཚོད་འཛིན་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ་དང་། རྒྱལ་ཁབ་མང་པོའི་མ་རྐང་ཁྲོམ་རར་ཉིན་འགར་བསྟུད་མར་ཤུགས་རྐྱེན་ཕོག་ནས་དམའ་རུ་ཕྱིན་ཡོད་པ་རེད། 

    མིག་སྔར། ང་ཚོས་གཞན་འགྱུར་ནད་དུག་ལ་མུ་མཐུད་དུ་ཞིབ་འཇུག་བྱེད་དགོས་མོད། འོན་ཀྱང་། ནད་དུག་དེ་རིགས་ཀྱིས་འཁྱེར་ཡོང་བའི་གློ་བུར་གྱི་འཕོ་འགྱུར་མང་པོ་དེས་མིག་སྔའི་རིམས་འགོག་ལས་དོན་ལ་འགྲན་སློང་དེ་བས་མང་བ་བྱུང་ཡོད། ནད་དུག་ལ་འགྱུར་ལྡོག་མང་ཞིང་འགོག་ཐབས་མེད་པ་ཞིག་ཡིན་པས། ང་ཚོས་ཇི་ལྟར་བྱས་ནས་ཁ་གཏད་གཅོག་དགོས་སམ། ཏོག་གསར་གློ་ཚད་ནད་དུག་ཇི་ལྟར་འགྱུར་རུང་དེ་ནི་སྔར་བཞིན་ཏོག་གསར་ནད་དུག་ཡིན། ཚན་རིག་གི་སྔོན་འགོག་ཚོད་འཛིན་བྱེད་ཐབས་ནི་ཆེས་ཕན་ནུས་ལྡན་པའི་སྔོན་འགོག་ཚོད་འཛིན་ལག་ཆ་ཞིག་ཡིན། རིགས་གཅིག་མཁས་ཅན་གྱིས་བཤད་དོན། རིམས་ནད་ཐོན་པ་ནས་བཟུང་སྔ་རྗེས་སུ་གཞན་འགྱུར་གྱི་དུག་སྡོང་རིགས་བརྒྱ་ལྷག་ཙམ་ཐོན་པ་དང་། དེའི་རྒྱུད་འགྱུར་མང་པོ་གསོན་ཐུབ་མེད། དེའི་ཐད་ཚང་མས་འཇིགས་སྣང་ཆེན་པོ་བྱེད་མི་དགོས། རང་རྒྱལ་གྱིས་མགྱོགས་མྱུར་ཡ་ལན་སློག་པ་དང་ས་ཁུལ་གྱི་ནད་རྟགས་མེད་པར་བཟོས་པའི་ཐབས་ཇུས་ཀྱིས་ཏོག་གསར་རྒྱུད་འགྱུར་ནད་དུག་ལ་ཁ་གཏད་ནུས་ལྡན་གཅོག་ཐུབ། 

   རིམས་ནད་སྔོན་འགོག་ཚོད་འཛིན་ནི་སྤྱིའི་དམག་འཐབ་དང་རྒྱུན་སྲིང་དམག་འཐབ་ཅིག་ཡིན་པ་དང་། ཚན་རིག་དང་མཐུན་པའི་ངང་རིམས་ནད་འགོག་པ་དང་འདྲ་བར་མཐུན་སྒྲིལ་ངང་རིམས་ནད་སྔོན་འགོག་བྱ་རྒྱུ་ནི་གལ་ཆེན་ཞིག་རེད། ནད་ཡམས་ཆེན་པོའི་སྐབས་སུ། མཐུན་སྒྲིལ་མཉམ་ལས་ནི་ནད་ཡམས་ལས་རྣམ་པར་རྒྱལ་བར་བྱེད་པའི་མཚོན་ཆ་ནུས་ལྡན་ཞིག་རེད། རིམས་ནད་ཐོན་པ་ནས་བཟུང་། རང་རྒྱལ་གྱི་རིམས་ནད་འགོག་བཅོས་ཀྱི་གྲུབ་འབྲས་ཀྱིས་འཛམ་གླིང་གི་རྒྱལ་ཁབ་ཁག་ལ་ཉམས་མྱོང་རྩ་ཆེན་འདོན་སྤྲོད་བྱས་ཡོད། ནད་དུག་ལ“གཞན་འགྱུར་གསར་བ”བྱུང་རུང་། ནུས་ལྡན་གྱི་རིམས་འགོག་བྱེད་ཐབས་སྔར་བཞིན་རྒྱུན་འཁྱོངས་བྱེད་དགོས། དཔེར་ན་ཁ་ཐུམ་རྒྱག་པ་དང་། ལག་པ་ཡང་ཡང་འཁྲུ་བ། རླུང་རྒྱུག་པ་སོགས་ཚང་མས་རྒྱུན་འཁྱོངས་བྱས་ཏེ་གཏན་ནས་ལྷོད་གཡེང་བྱེད་མི་རུང་། རིམས་འགོག་སྨན་ཁབ་རྒྱག་རྒྱུ་ནི་སྔར་བཞིན་མིག་སྔའི་ཆེས་ནུས་ལྡན་གྱི་རིམས་འགོག་བྱེད་ཐབས་ཤིག་ཡིན་པས། རིམས་ཐར་ཡོང་བར་ང་ཚོ་ཚང་མས་མུ་མཐུད་ཤུགས་རྒྱག་དགོས་ཀྱི་ཡོད།