རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-12-10   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།
ཟླ12ཚེས་3དང་4ཉིན་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། འདི་ནི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་ནས་གསུང་བཤད་གལ་ཆེན་གནང་བཞིན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་3དང་4ཉིན་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་སྐོར་གྱི་རིགས་པའི་གཞུང་ལུགས་ཕྱོགས་ཡོངས་ནས་ལག་བསྟར་དང་། ཏང་གི་ཆོས་ལུགས་ལས་དོན་སྐོར་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར། ཏང་གི་ཆོས་དད་རང་མོས་སྐོར་གྱི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས། ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག ཆོས་ལུགས་ལས་རིགས་ཀྱི་རང་ངོས་དོ་དམ་ཆུ་ཚད་མཐོར་གཏོང་། ཆོས་ལུགས་ལས་དོན་བཅོས་སྐྱོང་གི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོར་གཏོང་། ཆོས་ལུགས་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་པ་བཅས་བྱས་ཏེ། དད་ལྡན་མང་ཚོགས་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་མཐུན་སྒྲིལ་འབད་འཐབ་བྱ་རྒྱུ་དེ་བས་སྒྲིག་འཛུགས་དང་ཁྲིད་སྟོན་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ལི་ཁེ་ཆང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ལི་ཀྲན་ཧྲུའུ་དང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་ཚོགས་འདུར་ཕེབས་པ། དབང་དབྱང་གིས་ཕྱོགས་སྡོམ་གསུང་བཤད་གནང་བ་རེད།
ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་མཛུབ་སྟོན་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། ཏང་ཀྲུང་དབྱང་གིས་ཆོས་ལུགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ཡོད། རིམ་ཁག་ཏང་ཨུད་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ། ཏང་གི་ཆོས་ལུགས་ལས་དོན་གསར་གཏོད་ལ་སྐུལ་འདེད་བཏང་བར་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཡོད། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་དེ་བས་ཆ་ཚང་བའི་སྒོ་ནས་ལག་བསྟར་བྱས་པ་དང་། ཆོས་ལུགས་ལས་དོན་གྱི་སྒྲིག་སྲོལ་དང་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་སོང་བ། ཆོས་ལུགས་ལས་དོན་གྱི་བཅའ་ཁྲིམས་མ་ལག་དང་སྲིད་ཇུས་སྒྲོམ་གཞི་ཉིན་བཞིན་འཐུས་སྒོ་ཚང་དུ་སོང་བ། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ཀྱི་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་སོང་ནས་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་ཚུལ་རིམ་བཞིན་གཏིང་ཟབ་ཏུ་འགྲོ་བར་སྐུལ་འདེད་ཐེབས་ཡོད། ཆོས་ལུགས་ལས་རིགས་ཀྱིས་རྒྱལ་གཅེས་སྙིང་སྟོབས་དར་སྤེལ་བཏང་སྟེ། ཁྱོན་ཡོངས་ལ་སྣང་ཆེན་དང་། ཁྲིམས་སྐྱོང་ལ་སྣང་ཆེན། ཚན་རིག་ལ་སྣང་ཆེན། གཅེས་སེམས་ལ་སྣང་ཆེན་བཅས་བྱས་ནས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་བཅངས་པའི་མོས་སེམས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་ཆོས་ལུགས་ལས་དོན་སྐོར་གྱི་འདུ་ཤེས་གསར་པ་དང་བྱེད་ཐབས་གསར་པ་རབ་དང་རིམ་པ་བཏོན་ཏེ། དུས་རབས་གསར་པར་ཆོས་ལུགས་ལ་ངོས་འཛིན་ཇི་ལྟར་བྱེད་དགོས་པ་དང་། ཆོས་ལུགས་ཀྱི་གནད་དོན་ཐག་གཅོད་ཇི་ལྟར་བྱེད་དགོས་པ། ཏང་གི་ཆོས་ལུགས་ལས་དོན་ཇི་ལྟར་བྱས་ནས་ཡག་པོ་སྒྲུབ་དགོས་པ་སོགས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་ལན་བཏབ་ཡོད། དེས་ན་ངེས་པར་དུ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ཁྲོད་ཀྱི་ཆོས་ལུགས་ལས་དོན་ཡག་པོ་བསྒྲུབ་དགོས་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས་པ་དང་། ངེས་པར་དུ་སྟོབས་དང་ལྡན་པའི་འགོ་ཁྲིད་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆོས་ལུགས་ཀྱི་རིགས་པའི་གཞུང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་དགོས་པ། ངེས་པར་དུ་ཏང་གི་ཆོས་ལུགས་ལས་དོན་སྐོར་གྱི་གཞི་རྩའི་མཛད་ཕྱོགས་མཐའ་འཁྱོངས་བྱེད་དགོས་པ། ངེས་པར་དུ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་དགོས་པ། ངེས་པར་དུ་རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱིས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་པ། ངེས་པར་དུ་དགེ་མཚན་ལྡན་ལ་སྐྱོན་བྲལ་གྱི་ཆོས་ལུགས་ཀྱི་འབྲེལ་བ་འཛུགས་དགོས་པ། ངེས་པར་དུ་ཆོས་ལུགས་ཚོགས་པས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་རྒྱབ་སྐྱོར་བྱེད་དགོས་པ། ངེས་པར་དུ་ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་པ་བཅས་རེད།
ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། ཏང་གི་ཆོས་དད་རང་མོས་སྲིད་ཇུས་འཐུས་སྒོ་ཚང་བ་དང་། ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ་དང་། མང་ཚོགས་ཀྱིས་ཆོས་ལ་དད་པ་བྱེད་པར་བརྩི་འཇོག་བྱེད་པ། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ། རང་ཚུགས་དང་། རང་རྟེན། རང་གཉེར་གསུམ་གྱི་རྩ་དོན་མཐའ་འཁྱོངས་བཅས་བྱས་ནས། ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། ཏང་གི་ཆོས་ལུགས་ལས་དོན་གྱི་ངོ་བོ་ནི་མང་ཚོགས་ཀྱི་ལས་དོན་རེད། དད་ལྡན་མང་ཚོགས་དང་ཆོས་ལ་དད་པ་མི་བྱེད་མཁན་མང་ཚོགས་ཀྱི་ཆབ་སྲིད་དང་དཔལ་འབྱོར་ཐད་ཀྱི་རྩ་བའི་ཁེ་ཕན་ནི་གཅིག་མཚུངས་ཡིན་ཞིང་། ཚང་མ་ཏང་གིས་སྲིད་སྐྱོང་བའི་མང་ཚོགས་ཀྱི་རྨང་གཞི་རེད། དེས་ན་དད་ལྡན་མང་ཚོགས་ཀྱི་ཆོས་དད་རང་མོས་དབང་ཆར་སྲུང་སྐྱོང་བྱས་ཏེ་དད་ལྡན་མང་ཚོགས་ལ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་མཐུན་སྒྲིལ་བྱེད་དགོས་ལ། དད་ལྡན་མང་ཚོགས་ཀྱི་ལས་དོན་ཡང་ངང་རྒྱུད་རིང་ལ་ཞིབ་ཚགས་པོས་སྒྲུབ་དགོས། ཆོས་ལུགས་ཚོགས་པ་ནི་ཏང་དང་སྲིད་གཞུང་གིས་ཆོས་ལུགས་ལས་རིགས་མི་སྣ་དང་རྒྱ་ཆེའི་དད་ལྡན་མང་ཚོགས་ལ་མཐུན་སྒྲིལ་དང་འབྲེལ་གཏུག་བྱེད་པའི་འབྲེལ་ཟམ་དང་འབྲེལ་ཐག་ལྟ་བུ་ཡིན་པས། ཁོང་ཚོས་ལས་དོན་སྒྲུབ་པར་དགོས་ངེས་ཀྱི་རྒྱབ་སྐྱོར་དང་རོགས་རམ་བྱེད་དགོས་ལ། ཆོས་ལུགས་ནང་ཁུལ་གྱི་ལས་དོན་ཁྲོད་ཀྱི་ཁོང་ཚོའི་ནུས་པ་འདོན་རྒྱུར་བརྩི་འཇོག་ཀྱང་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། རང་རྒྱལ་གྱི་ཆོས་ལུགས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྲིད་སྟོན་དུ་བྱ་རྒྱུར་སྣེ་ཁྲིད་དང་རྒྱབ་སྐྱོར་བྱས་ཏེ། རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་བཅངས་པའི་ཆོས་ལུགས་ལས་རིགས་མི་སྣ་དང་དད་ལྡན་མང་ཚོགས་ཀྱི་མོས་སེམས་ཆེ་རུ་གཏོང་དགོས་པ་དང་། ཆོས་ལུགས་ལས་རིགས་སུ་རྒྱལ་གཅེས་རིང་ལུགས་དང་། མཉམ་སྡེབ་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་སློབ་གསོ་སྤེལ་ཏེ། དམིགས་ས་ཡོད་པའི་སྒོ་ནས་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ཀྱི་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ། ཆོས་ལུགས་ལས་རིགས་མི་སྣ་དང་དད་ལྡན་མང་ཚོགས་ལ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་རྒྱུར་ཁྲིད་སྟོན་གྱིས་ཀྲུང་ཧྭའི་རིག་གནས་དར་སྤེལ་གཏོང་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་མཐའ་འཁྱོངས་དང་རང་ཚུགས་དང་། རང་རྟེན། རང་གཉེར་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས་འབྲེལ་ཡོད་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས། དྲ་སྦྲེལ་གྱི་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། རང་རྒྱལ་གྱི་ཆོས་ལུགས་སྐྱོན་བྲལ་ངང་རྒྱུན་འཛིན་བྱེད་པར་ཤུགས་རྐྱེན་བཟོ་བའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས།
ཞི་ཅིན་ཕིང་གིས་བསྟན་གནང་དོན། ཆོས་ལུགས་ལས་རིགས་ཀྱིས་རང་ངོས་སློབ་གསོ་དང་། རང་ངོས་དོ་དམ། རང་ངོས་གཅུན་འདོམས་བཅས་ལ་ཤུགས་སྣོན་རྒྱག་པར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱས་ཏེ། ཕྱོགས་ཡོངས་ནས་ཆོས་ལུགས་ནན་གྱིས་སྐྱོང་བ་དང་། སྣེ་ཁྲིད་དེ་ཁྲིམས་སྲུང་སྒྲིག་བཀུར་བྱེད་པ། ཆོས་ལུགས་ཀྱི་བློ་སྦྱོང་གོང་མཐོར་གཏོང་བ་བཅས་བྱེད་དགོས། ཆོས་ལུགས་ཚོགས་པའི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་འགོ་ཁྲིད་ཚན་ཁག་གི་ཁོངས་མིའི་དམངས་གཙོ་ལྟ་སྐུལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། ཆོས་ལུགས་ལས་དོན་གྱི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་ཁྲིམས་སྐྱོང་གི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་དགོས། ཆོས་ལུགས་བྱེད་སྒོ་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འཁེལ་བའི་ཁྱབ་ཁོངས་ནང་སྤེལ་བ་ལས། སྤྱི་དམངས་ཀྱི་གཟུགས་གཞི་བདེ་ཐང་ལ་གནོད་འཚེ་གཏོང་མི་རུང་བ་དང་། སྤྱི་པའི་སྒྲིག་སྲོལ་དང་སྲོལ་རྒྱུན་བཟང་པོ་ལས་འགལ་མི་རུང་བ། སློབ་གསོ་དང་། ཁྲིམས་འཛིན། སྲིད་འཛིན་འགན་ནུས། སྤྱི་ཚོགས་འཚོ་བ་བཅས་ལ་ཐེ་ཇུས་བྱེད་མི་རུང་།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་ལྟ་བ་བྱང་ཆུབ་པ་དང་། ཆོས་ལུགས་ལས་དོན་ལ་རྒྱུས་མངའ་ཆེ་བ། དད་ལྡན་མང་ཚོགས་ཀྱི་ལས་དོན་སྒྲུབ་མཁས་པ་བཅས་ཀྱི་ཏང་སྲིད་ལས་བྱེད་པའི་དཔུང་ཁག་ཅིག་གསོ་སྐྱོང་བྱས་ཏེ། ཁོང་ཚོར་མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་ལྟ་བ་དང་། ཏང་གི་ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས། ཆོས་ལུགས་ཀྱི་ཤེས་བྱ་བཅས་སློབ་སྦྱོང་གཏིང་ཟབ་བྱེད་དུ་བཅུག་ནས་ཁྲིད་སྟོན་གྱི་ནུས་པ་རྒྱུན་མི་ཆད་པར་ཆེ་རུ་གཏོང་དགོས། ཆབ་སྲིད་ཐད་བློས་འཁེལ་བ་དང་། ཆོས་ལུགས་ཐད་ཐོས་བསམ་ཟབ་པ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་ནུས་པ་ཐོན་པ་བཅས་ཀྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣའི་དཔུང་ཁག་ཅིག་གསོ་སྐྱོང་བྱེད་དགོས། བསམ་བློ་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པ་དང་། མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་ལྟ་བ་མཐའ་འཁྱོངས་བ། སློབ་སྲོལ་བཟང་བ། གསར་གཏོད་བྱེད་མཁས་པ་བཅས་ཀྱི་ཆོས་ལུགས་རིག་པའི་ཞིབ་འཇུག་དཔུང་ཁག་ཅིག་གསོ་སྐྱོང་བྱས་ནས་མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་རིག་པའི་རིག་ཚན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། ཆོས་ལུགས་ལས་དོན་གྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཏང་ཨུད་ཀྱིས་འགོ་ཁྲིད་པ་དང་། སྲིད་གཞུང་གིས་དོ་དམ་བྱེད་པ། སྤྱི་ཚོགས་ཀྱིས་མཉམ་རོགས་བྱེད་པ། ཆོས་ལུགས་ཀྱིས་རང་གཅུན་བྱེད་པ་བཅས་ཀྱི་ཆོས་ལུགས་ལས་དོན་བཅོས་སྐྱོང་གི་རྣམ་པ་ཞིག་གཏོད་རྒྱུར་སྐུལ་འདེད་གཏོང་དགོས། ཆོས་ལུགས་ལས་དོན་དང་འབྲེལ་བའི་འབྲེལ་བ་གལ་ཆེན་ཁོང་དུ་ཡག་པོ་ཆུད་པ་བྱས་ཏེ་རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་ལས་དོན་མང་ཙམ་བསྒྲུབས་ནས་དམ་འཛིན་ལྷོད་མེད་དང་སྙིང་རུས་གཏན་འཁྱོངས་བྱེད་དགོས།
ལི་ཁེ་ཆང་གིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་བསྟན་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་ཆོས་ལུགས་ལས་དོན་གྱི་གྲུབ་འབྲས་དང་ཉམས་མྱོང་ཕྱོགས་ཡོངས་ནས་ཕྱོགས་སྡོམ་གནང་བ་དང་། ཆོས་ལུགས་ལས་དོན་ལ་འཕྲད་པའི་དུས་བབ་དང་ལས་འགན་དབྱེ་ཞིབ་གཏིང་ཟབ་གནང་བ། དུས་རབས་གསར་པའི་ཆོས་ལུགས་ལས་དོན་གྱི་དགོངས་པ་གསར་པ་དང་། འདུ་ཤེས་གསར་པ། འཐབ་ཇུས་གསར་པ་བཅས་ཆ་ཚང་བའི་སྒོ་ནས་རྒྱས་བཤད་གནང་བ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་དང་། དུས་རབས་གསར་པའི་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་པའི་མཛུབ་ཁྲིད་དགོངས་པ་དང་། འཐབ་ཇུས་དམིགས་ཚད། གཙོ་གནད་ལས་འགན། སྲིད་ཇུས་བྱ་ཐབས་བཅས་ཁ་གསལ་བཏོན་གནང་ཡོད་པས། ཆབ་སྲིད་རང་བཞིན་དང་། བསམ་བློའི་རང་བཞིན། རིགས་པའི་གཞུང་ལུགས་ཀྱི་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་ཡོད། དེ་ནི་དུས་རབས་གསར་པའི་ཆོས་ལུགས་ལས་དོན་ལ་མཛུབ་ཁྲིད་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་རེད། དེས་དུས་རབས་གསར་པའི་ཆོས་ལུགས་ལས་དོན་ཡག་པོ་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། དེར་བརྟེན་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ཏེ་རྒྱུན་ཆད་མེད་པར“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱེད་པ། དོན་དངོས་དང་ཟུང་འབྲེལ་གྱིས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ། ཏང་གི་ཆོས་ལུགས་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱ་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས།
དབང་དབྱང་གིས་ཕྱོགས་སྡོམ་གསུང་བཤད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཁྱོན་ཡོངས་ལ་ལྟ་རྟོག་དང་། དུས་བབ་ལ་སྟངས་འཛིན། ཁ་ཕྱོགས་དང་མཛད་ཇུས་གསལ་སྟོན་བཅས་གནང་ནས་དུས་རབས་གསར་པའི་ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ལན་གཏིང་ཟབ་བཏབ་ཡོད་པས། དེ་ནི་ཏང་གི་ཆོས་ལུགས་ལས་དོན་ལག་ལེན་གྱི་ཕྱོགས་སྡོམ་གསར་ཤོས་དང་། མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་ཀྱི་ལྟ་བ་དང་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་བྱས་པའི་གྲུབ་འབྲས་གསར་ཤོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆོས་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་འཕེལ་རྒྱས་གསར་ཤོས། དུས་རབས་གསར་པའི་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་པའི་སྤྱིའི་རྩ་འཛིན་བཅས་རེད། དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་མཛད་ཕྱོགས་སྲིད་ཇུས་ཆ་ཚང་དང་། འཕྱུགས་མེད། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ་དང་། དོན་སྙིང་གཙོ་བོ་དང་། དགོངས་དོན་གྱི་ངོ་བོ། ཕུན་སུམ་ཚོགས་པའི་ནང་དོན། ལག་ལེན་གྱི་བླང་བྱ་བཅས་ལ་གོ་བ་གཏིང་ཟབ་བླངས་ནས་ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་ཡོང་བ་བྱེད་དགོས། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་མཐའ་འཁྱོངས་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས། ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་གི་བྱེད་ཐབས་སྤྱད་དེ་ཆོས་ལུགས་ཁྱབ་ཁོངས་ཀྱི་འགལ་ཟླ་དང་གནད་དོན་ཐག་གཅོད་བྱེད་མཁས་པོ། རང་རྒྱལ་གྱི་ཆོས་ལུགས་སྐྱོན་བྲལ་ངང་རྒྱུན་འཛིན་ལ་སྐུལ་འདེད་གཏོང་བ། ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པ་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བཅས་བྱེད་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་སློབ་སྦྱོང་དང་སྒྲོག་འགྲེལ་ལ་དམ་འཛིན་ཡག་པོ་དང་། ལག་བསྟར་བསམ་འཆར་བཟོ་བ། ལས་ཀའི་འགན་འཁྲི་ནན་དུ་གཏོང་བ་བཅས་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས་ཞེས་བསྟན་གནང་བ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཁག་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་ཏང་སྲིད་འགན་འཁུར་བློ་མཐུན་གཙོ་བོ་དང་། ཆོས་ལུགས་ལས་དོན་གྱི་ཁག་བགོས་འགན་འཁུར་བློ་མཐུན། ཞིང་ཆེན་རིམ་པ་གཞོན་པའི་གྲོང་ཁྱེར་ཏང་ཨུད་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་། འབྲེལ་ཡོད་མི་དམངས་ཚོགས་པ། ཀྲུང་དབྱང་དམག་ཨུད་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། དམག་དཔུང་གི་འབྲེལ་ཡོད་སྡེ་ཚན་དང་འབྲེལ་ཡོད་ཞིབ་འཇུག་སྒྲིག་གཞིའི་འགན་འཁུར་བློ་མཐུན་སོགས་ཚོགས་འདུར་ཞུགས་ཡོད་པ་རེད། ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པ་ནས་འཚོགས་ཤིང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་དུ་ཡན་ལག་འཚོགས་ར་བཙུགས་ཡོད་པ་རེད།