རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-12-17   རྩོམ་ཁུངས།    མི་དམངས་དྲ་བ།
ཟླ་12ཚེས་15ཉིན། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཝང་ཧུའུ་ཉིང་སོགས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་ཧྭ་རྒྱལ་ཡོངས་གསར་འགྱུར་ལས་དོན་པའི་མཐུན་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་དང་པོ་དང་ཀྲུང་གོའི་གསར་འགྱུར་བྱ་དགའ་སྤྲོད་པའི་ཚོགས་འདུའི་འཐུས་མིར་མཇལ་འཕྲད་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཚེས་15ཉིན། ཀྲུང་ཧྭ་རྒྱལ་ཡོངས་གསར་འགྱུར་ལས་དོན་པའི་མཐུན་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་དང་པོ་དང་ཀྲུང་གོའི་གསར་འགྱུར་བྱ་དགའ་སྤྲོད་པའི་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཚོགས་ཞུགས་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་ནས་ཁོང་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་དང་སྤྲོ་སེམས་འཁོལ་པོས་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཁེ་ཆང་དང་ཝང་ཧུའུ་ཉིང་མཇལ་འཕྲད་ལ་ཕེབས་པ་རེད།
ཕྱི་དྲོའི་ཆུ་ཚོད་3དང་སྐར་མ་10ཡི་ཐོག་ཞི་ཅིན་ཕིང་སོགས་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་ཕེབས་སྐབས་ཚོམས་ཆེན་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་པ་རེད། ཞི་ཅིན་ཕིང་སོགས་འཐུས་མི་ཚོའི་ཁྲོད་དུ་ཕེབས་ནས་ཚང་མ་དང་ལྷན་དུ་བྱམས་བརྩེའི་སྤེལ་རེས་གནང་བ་དང་འབྲེལ་ལྷན་བཞུགས་དྲན་རྟེན་སྐུ་པར་བསྐྱོན་པ་རེད།
ཧོང་ཁུན་མིང་མཇལ་འཕྲད་ལ་ཞུགས་པ་དང་ཆབས་ཅིག ཚོགས་འདུའི་འགོ་ཚུགས་མཛད་སྒོར་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་ཤིས་ཚིག་གསུངས་ཤིང་། ཁོང་གིས་རྒྱ་ཆེའི་གསར་འགྱུར་ལས་དོན་པ་ཚོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ། ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་དྲིལ་བསྒྲགས་དང་གསལ་འགྲེལ་གཏིང་ཟབ་བྱེད་པ། ཏང་གི་གསུང་སྒྲ་བརྒྱུད་བསྒྲགས་ཧུར་ཐག་བྱེད་པ། འགྲོ་ནུས་དང་། ལྟ་ནུས། བསམ་ནུས། འབྲི་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། དུས་རབས་གསར་པའི་མང་ཚོགས་ཀྱི་ལམ་ཕྱོགས་སུ་གཟབ་ནན་སྐྱོད་པ། ཡིད་རྟོན་རུང་བ་དང་། གཅེས་པར་འོས་པ། གུས་བཀུར་འོས་པ་བཅས་ཀྱི་ཀྲུང་གོའི་གཟུགས་བརྙན་ཧུར་ཐག་གཏོད་པ་བཅས་ཀྱིས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ལ་ཞབས་འདེགས་ནུས་ལྡན་ཞུ་དགོས། ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་ཀྱིས་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་གསར་འགྱུར་ལས་དོན་པར་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་གཏོང་བ་དང་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་གསུངས་པ་རེད།
འགོ་ཚུགས་མཛད་སྒོར་ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཀྲང་ཡན་ནུང་གིས་འགོ་ཚུགས་ཤིས་ཚིག་བསྒྲོན་པ་དང་། ཀྲུང་གོ་རིག་རྩལ་ལྷན་ཚོགས་ཏང་ཙུའི་ཧྲུའུ་ཅི་ལི་དབྱིས་མི་དམངས་ཚོགས་པའི་ཚབ་ཞུས་ནས་རྟེན་འབྲེལ་ཤིས་ཚིག་བསྒྲོན་པ་རེད། ཚོགས་འདུའི་ཐོག་སྐབས་སོ་གཅིག་པའི་ཀྲུང་གོའི་གསར་འགྱུར་བྱ་དགའ་འཐོབ་མཁན་གྱི་འཐུས་མིར་བྱ་དགའ་སྤྲད་པ་རེད།