བོད་གནའ་རབས་ཀྱི་ཤིང་རྐོས་སྐོར་མདོ་ཙམ་བརྗོད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-12-30   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

    1.ཤིང་རྐོས་ངོ་སྤྲོད།

    གྲི་རྩེ་དང་སོར་རྩེར་བརྟེན་ནས་སྲ་སྙི་ཤིང་གི་སྟེང་དུ་བརྐོས་པའི་རི་མོ་སྣ་ཚོགས་ལས་གྲུབ་པའི་བརྩམས་ཆོས་དག་ལ་ཤིང་རྐོས་སྒྱུ་རྩལ་ཟེར། བོད་རང་ལ་ཡོད་པའི་ཤིང་ལ་བརྐོས་པ་རྒྱ་ཆེ་བ་ནི། ཁང་བའི་སྒོ་དང་སྒེའུ་ཁུང་གི་རྒྱན་རིས་སྣ་ཚོགས་དང་། དེའི་ཆ་ལག་ཏུ་གྱུར་བའི་མཆོད་སྒྲོམ་དང་མདུན་ཅོག བཞུགས་ཁྲི། ཕྱེ་མར་འབོག སྤོས་སྒམ་སོགས་ཏེ་བརྐོ་གཞི་གཙོ་བོ་ཤིང་སྦྱར་པ་དང་། མོ་འལ། གསོམ་དཀར། ཤུག་པ། སྟག་པ་སོགས་ལ་གཟུགས་བརྙན་བརྐོས་པ་རེ་འགའ་ཙམ། དེ་མིན་བོད་ལ་སྐྱེ་དངོས་ཤིང་དངོས་མེད་ཀྱང་མི་རིགས་དང་ཡུལ་གྲུ་གཞན་ལས་དྲངས་པའི་ཤིང་རྩ་ཆེན་ལ་རྒྱལ་བའི་སྐུ་གཟུགས་དང་རྒྱན་རིས་པ་ཏྲ། ཙན་དན་གྱི་གླེགས་ཤིང་དང་ཌྰ་མ་རུ། མཆོད་རྫས་རིགས་སོགས་རྒྱན་སྤྲས་ཀྱི་བརྗོད་བྱ་སྣ་མང་ཞིང་ཕུན་སུམ་ཚོགས་པ་བཀོད་ཡོད་པ་བཅས་ཡིན་ཞིང་། བོད་དུ་ཆེ་མ་ཆུང་གསུམ་གྱི་ཕོ་བྲང་དང་རིག་གནས་གཙུག་ལག་ཁང་། དེ་མིན་ཕོ་བྲང་པོ་ཏ་ལ་གཙོ་བྱས་པའི་འཛུགས་སྐྲུན་རིག་གནས་དང་ལྷ་ཁང་འདུ་ཁང་སོགས་ཀྱི་བཟོ་བཀོད་ལ་མི་རིགས་རང་གི་ཐུན་མོང་མ་ཡིན་པའི་ཤིང་རྐོས་སྒྱུ་རྩལ་ངོ་མཚར་བ་གང་སར་བརྒྱན་ཡོད་པ་དེ་དག་གིས་མི་རིགས་འདི་ལ་བཟོ་རིག་དར་སྔ་བ་དང་། བཟོ་རིག་གི་ལག་རྩལ་དང་ཁྱད་ཆོས་དེ་མི་རིགས་གཞན་དང་བསྡུར་ན་ཐུན་མོང་མ་ཡིན་པ་དང་ཤིང་བཟོ་དང་བཟོ་སྐྲུན་རིག་གནས་ཁྱད་དུ་འཕགས་པ་ཡོད་པ་གསལ་རྟོགས་བྱུང་ཐུབ། །

  2.ཤིང་རྐོས་ཀྱི་བྱུང་འཕེལ།

  ཤིང་རྐོས་ལག་ཤེས་ནི་བོད་དུ་གནའ་རབས་བསྐལ་པ་ཡ་ཐོག་གི་མ་སངས་སྤུན་དགུའི་དུས་སྐབས་སུ་མདའ་མདུང་མཚོན་ཆ་བཟོ་ཤེས་པ་ནས་རིམ་བཞིན་འཕེལ་རྒྱས་བྱུང་ཞིང༌། སྤྱི་ལོའི་གོང་གི་ལོ་ཉིས་བརྒྱའི་སྔོན་ལ་རྒྱལ་པོ་གཉའ་ཁྲི་བཙན་པོས་ཕོ་བྲང་ཡུམ་བུ་བླ་མཁར་བཞེངས་པ་དང༌། དེ་ནས་རྒྱལ་རབས་དགུ་པ་རྒྱལ་པོ་པུ་དེ་གུང་རྒྱལ་གྱི་རིང་ལ་མཛངས་བློན་རུ་ལས་སྐྱེས་དང་བཅས་པས་མཐུ་ནུས་ལེགས་པར་སྤེལ་བར་བརྟེན། "མཛངས་པའི་ལས་སུ་ཤིང་བསྲེག་སོལ་བ་བྱུང་།། དེ་ཡིས་རྡོ་བཞུས་གསེར་དངུལ་ཟངས་ལྕགས་བྱུང་།། ཤིང་ལ་མིག་ཕིབ་གཤོལ་དང་གཉའ་ཤིང་བྱས།། ས་གཞི་བསྐོས་ནས་ཕུ་ཆུ་ཡར་ལ་དྲངས།། སྨོན་པ་དོར་བསྡེབས་སྤང་ཐང་ཞིང་དུ་རྨོས།། བརྒལ་བའི་མི་ཐར་ཆུ་ལ་ཟམ་པ་བཙུགས།། རྨོས་པའི་ལོ་ཏོག་ཐོག་མར་འདི་ནས་བྱུང་།།"ཞེས་པ་ལྟར། ཤིང་ལ་བུག་པ་ཕུག་སྟེ་གཉའ་ཤིང་དང་། གཤོལ་མདའ། གཤོལ་ཕུར་བཅས་བཟོ་བ་དང་། གཞན་ཡང་ཆུ་ཆེན་ལ་ཟམ་པ་བཙུགས་པའི་ལོ་རྒྱུས་ལ་གཞིགས་ན། སྐབས་དེ་དུས་ནས་བོད་དུ་ཤིང་བཟོའི་ལག་རྩལ་ཆུ་ཚད་ངེས་ཅན་ཞིག་ཏུ་སླེབས་ཡོད་པ་ཤེས་རྟོགས་ཐུབ་པ་ཡིན། དེ་རྗེས་བཙན་པོའི་གདུང་རྒྱུད་རྣམས་ཀྱི་སྐུ་དུས་དང་བོད་སིལ་བུའི་དུས་སུ་ཡང་དགོན་སྡེ་དང་། ལྷ་ཁང་། གཞིས་ཀ་མང་པོ་གསར་སྐྲུན་བྱས་པ་ལས་ཤིང་རྐོས་མང་པོ་དང་། དེ་བཞིན་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྤྱོད་ཆས་སྣ་ཚོགས་མཐོང་རྒྱུ་ཡོད་པ་ལས་བོད་ཀྱི་ཤིང་རྐོས་ལག་རྩལ་གྱི་ཆུ་ཚད་གོང་ནས་གོང་དུ་འཕེལ་བ་ཤེས་གསལ་ལྟར་རེད།

   སྲོང་བཙན་སྒམ་པོའི་དུས་སུ། མཐའ་འདུལ་ཡང་འདུལ་གྱི་ལྷ་ཁང་ཕོན་ཆེན་བཞེངས་པའི་ཁྲོད། ད་ལྟ་གནས་པའི་ལྷ་ཁང་མང་པོར་ཤིང་ལ་བརྐོས་པ་དེང་སང་ཡང་མང་པོ་མཇལ་རྒྱུ་ཡོད། ཁྱད་པར་ལྷ་ལྡན་གཙུག་ལག་ཁང་ལ་ཀ་བ་སེང་མགོ་ཅན་དང་འབྲུག་མགོ་ཅན་སོགས་བརྐོས་པ་མཐོང་རྒྱུ་ཡོད་པ་མ་ཟད། གདུང་མ་དང་གཞུའི་ལྡེབས་ལ་ཤིང་རྐོས་ལག་རྩལ་སྤྱད་ནས་རོ་སྒྲུང་དང་དམངས་ཁྲོད་ཀྱི་སྒྲུང་གཏམ་སྣ་ཚོགས་བརྐོས་ཡོད་པས་སྐབས་དེ་དུས་ནས་བོད་དུ་ཤིང་རྐོས་ལག་རྩལ་ཤིན་ཏུ་དར་བ་མ་ཟད་ཆུ་ཚད་ཀྱང་མཐོན་པོ་ཞིག་ཏུ་སླེབས་པ་མཚོན་ཡོད།

   བོད་སིལ་བུའི་དུས་ཏེ་ཡོན་དང་། མིང་། ཆིང་བཅས་ཀྱི་དུས་སུ་རིམ་བཞིན་བཞེངས་པའི་ས་སྐྱའི་ལྷ་ཁང་ཆེ་མོ་དང་། ཞྭ་ལུའི་གསེར་ཁང་ཆེ་མོ། རྒྱལ་རྩེའི་དཔལ་འཁོར་ཆོས་སྡེ་སོགས་ལ་གསོན་ཉམས་དོད་ལ་རྩེར་སོན་གྱི་ཤིང་རྐོས་སྒྱུ་རྩལ་གྱི་བརྩམས་ཆོས་མང་པོ་མཇལ་རྒྱུ་ཡོད། ལྷག་དོན་སྒྱུ་རྩལ་གྱི་ཞིང་ཁམས་སུ་འབོད་འོས་པའི་རྩེ་ཕོ་བྲང་གི་ལེགས་པར་བཀོད་པའི་འཛུགས་སྐྲུན་ནང་ཀ་བ་དང་། གཞུ། གདུང་མ་བཅས་ལ་བབས་བསྐྱངས་མ་དང་། བབས་བསྐུམ་མ། བབས་བསླངས་མ་སོགས་ཤིང་བརྩེགས་རྒྱན་སྤྲོས་རིམ་པ་བཅུ་གསུམ་གྱིས་མཛེས་པར་བྱས་ཡོད། ད་དུང་སྒོ་ཡི་རུ་བཞི་དང་། རྟ་བབས། མདའ་གཡབ་སོགས་ལ་མེ་ཏོག་སྣ་ཚོགས་དང་། པདྨ། སངས་རྒྱས་ཀྱི་སྐུ་བརྙན། དེ་བཞིན་གླང་ཆེན་དང་། སེང་གེ ཤྭ་བ། འབྲུག རྨ་བྱ་སོགས་རྩ་ཆེའི་སྲོག་ཆགས། སྤྲིན་ཚོམས། ནོར་བུའི་དྲ་བ་དྲ་ཕྱེད། རྡོ་རྗེ། བུམ་པ་སོགས་མཛེས་ལ་བཀྲ་ཤིས་པའི་རྫས་སྣ་མ་ཚང་བ་མེད་པ་ཤིང་བརྐོས་ཀྱི་བརྗོད་བྱར་གྱུར་ཡོད། ད་དུང་དུས་འཁོར་བློས་བསླངས་ཀྱི་དཀྱིལ་འཁོར་ལྷ་ཁང་ནང་ལུང་ལས་བསྟན་པའི་དག་ཞིང་གི་བཀོད་པ་ཡུལ་གྱི་མཛེས་ཉམས་ཡོད་དོ་ཅོག་བརྐོས་དཀྲོལ་གྱི་ལམ་ནས་མཚོན་པར་བྱས་ཡོད་པ་དེ་ནི་ཕོ་བྲང་དེའི་སྒྱུ་རྩལ་གྱི་རིན་ཐང་གནམ་འོག་ཏུ་གྲགས་པའི་བརྗོད་གཞི་ཆེན་པོ་ཞིག་ཡིན།

  བོད་སིལ་པོའི་དུས་དང་ཡང་སྒོས་བོད་ས་གནས་སྲིད་གཞུང་སྐབས་སུ། གསར་སྐྲུན་བྱས་པའི་གཞིས་ཀ་དང་སྐུ་དྲག་གི་གནས་གཞི་མི་ཉུང་བ་ཞིག་ད་ཆ་མཐོང་རྒྱུ་ཡོད་པ་དེ་ཚོར་ཡང་ཤིང་རྐོས་ཀྱི་བརྩམས་ཆོས་མང་པོ་ཡོད་པ་དེ་དག་ནི་བོད་ཀྱི་ཤིང་རྐོས་ལོ་རྒྱུས་ཀྱི་དཔང་པོ་ལྟ་བུ་ཡིན།

  བོད་དུ་ཤིང་རྐོས་ལག་རྩལ་དར་ཁྱབ་བྱུང་ནས་དུས་ཡུན་རིང་པོའི་ནང་བོད་ཡིག་གི་པར་བརྐོའི་ལག་རྩལ་གསར་གཏོད་བྱུང་མེད། མིང་རྒྱལ་རབས་ཀྱི་གོང་མ་ཡུང་ལོའི་དུས་སུ་མེས་རྒྱལ་ནང་སར་བོད་ཡིག་གི་བཀའ་འགྱུར་ཟངས་དཔར་མ་ཐོག་མར་ཐོན་ཡོད། དེ་ནས་མི་རིང་བར་ཕག་གྲུ་སྡེ་སྲིད་ཁྲི་རབས་ལྔ་པ་དབང་གྲགས་པ་རྒྱལ་མཚན་གྱིས་བོད་ཀྱི་ཤིང་རྐོས་དང་རྡོ་རྐོས་ཀྱི་ལག་རྩལ་མཐོ་པོ་ཡོད་པ་དང་ཤིང་ཆ་འབེལ་བའི་ལེགས་ཆ་སྤྱད་ནས་ས་སྐྱ་གོང་མ་རྣམ་ལྔའི་གསུང་འབུམ་ཐོག་མར་དཔར་བརྐོས་བྱས་པ་དང་། རྗེ་ཙོང་ཁ་པ་འདས་རྗེས་སྣེའུ་རྫོང་དཔོན་ནམ་མཁའ་བཟང་པོས་སྦྱིན་བདག་བྱས་ནས་རྗེ་ཙོང་ཁ་པའི་གསུང་འབུམ་ཆ་ཚང་པར་བརྐོས་བྱས་པའི་པར་ཤིང་ལ་ཡོངས་གྲགས་སུ་དགའ་ལྡན་དཔར་རྙིང་ཟེར་ཞིང་། དཔར་ཤིང་དེའི་ཐོག་དཔར་འདེབས་བྱས་པའི་དཔེ་ཆ་མང་པོ་དེང་སང་སེ་འབྲས་དང་པོ་ཏ་ལ་སོགས་སུ་མཇལ་རྒྱུ་ཡོད། 

  བོད་དུ་དཔར་སྐྲུན་ལག་རྩལ་འཕེལ་རྒྱས་བྱུང་རྗེས། བོད་ཡོངས་ལ་དཔར་སྐྲུན་ལག་རྩལ་གྱི་སྒོ་འཕར་ཡངས་པོར་ཕྱེ་བ་མ་ཟད། བོད་ཁུལ་གཞན་དང་། ཡུན་ནན། སོག་ཡུལ་ཕྱི་ནང་སོགས་སུ་བོད་ཡིག་གི་ཤིང་དཔར་དང་ཁྲོ་དཔར་མང་པོ་ཐོན་ཡོད། དཔར་བརྐོའི་ལས་རིགས་ཀྱི་མཐོ་རླབས་གཅིག་རྗེས་གཉིས་མཐུད་དུ་འཕྱུར་བ་དང་སྦྲགས། དཔར་ཁང་མང་པོ་ཐོན་པ་མ་ཟད། འཛམ་གླིང་ཁྱོན་ལ་དུས་ད་ལྟ་ཡང་སྙན་པར་གྲགས་པའི་དཔར་ཁང་ཆེན་པོ་བཞི་ཐོན་ཡོད་པ་རེད། དེ་དག་ནི་སྤྱི་ལོ1741ལོར། སྐབས་དེའི་བོད་ས་གནས་ཀྱི་སྲིད་འཛིན་པ་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་གྱིས་ཤིང་དཔར་གྱི་བཀའ་འགྱུར་དང་བསྟན་འགྱུར་ཆ་ཚང་ཞིག་པཎ་ཆེན་སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས་ལ་ཕུལ་ཏེ་སྣར་ཐང་དགོན་པའི་ནང་བཞག་པ་དེར་སྣར་ཐང་དཔར་ཁང་ཟེར་བ་དང་། སྤྱི་ལོ1744ལོར། སྡེ་དགེ་རྒྱལ་པོ་བསྟན་པ་ཚེ་རིང་གིས་སྡེ་དགེ་དགོན་ཆེན་དུ་བཀའ་འགྱུར་དང་བསྟན་འགྱུར་དཔར་བརྐོས་བྱས་ནས་བཞུགས་སུ་གསོལ་བའི་དཔར་ཁང་དེར་ཕྱིས་ཡོངས་གྲགས་སུ་སྡེ་དགེ་དཔར་ཁང་ཞེས་ཟེར། སྤྱི་ལོ1752ལོར། ཅོ་ནེ་དཔོན་བསྟན་སྲུང་ཚེ་རིང་དང་མེ་མོ་རིན་ཆེན་དཔལ་འཛོམས་གཉིས་ཀྱིས་དབུས་དཔར་དང་། པེ་ཅིང་གི་དཔར་མ། སྣར་ཐང་དཔར་མ་བཅས་ལ་ཕྱི་མོ་བྱས་ཏེ་བཀའ་བསྟན་ཆ་ཚང་ཤིང་དཔར་དུ་བརྐོས་ནས་བཞུགས་སུ་གསོལ་བར་ཅོ་ནེ་དཔར་ཁང་དུ་གྲགས། ཡང་དུས་རབས་ཉི་ཤུ་པའི་དུས་འགོར། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་རྒྱ་གར་ནས་ཕྱིར་ལོག་ཕེབས་རྗེས། པོ་ཏ་ལའི་ཞོལ་དུ་དེ་སྔ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐབས་ནས་ཡོད་མུས་ཀྱི་དཔར་ཁང་རྙིང་པ་རྒྱ་བསྐྱེད་གནང་ཐོག་བཀའ་འགྱུར་སོགས་དཔར་སྐྲུན་གནང་སྟེ་བཞུགས་པར་ཞོལ་དཔར་ཁང་ཞེས་པ་བཅས་བྱུང་། དེ་མིན་ས་སྐྱ་དགོན་དང་སེ་འབྲས་དགའ་གསུམ་གྱིས་གཙོས་པའི་བོད་ཀྱི་དགོན་སྡེ་ཁག་དང་བླ་བྲང་བཀྲ་ཤིས་འཁྱིལ་དང་རྗེ་སྐུ་འབུམ་སོགས་བོད་ཁུལ་གཞན་གྱི་དགོན་སྡེ་ཁག་སོ་སོར་ཡང་ཆོས་དཔེ་དང་། རིག་གནས་ལོ་རྒྱུས། སྨན་གཞུང་བཅས་སྐོར་གྱི་དཔར་ཤིང་ཕོན་ཆེན་ཉར་ཚགས་བྱས་ཡོད་པ་ནི་འཛམ་གླིང་ཐོག་མཐོང་དཀོན་པ་ཞིག་ཡོད། དཔར་ཁང་དེ་དག་གིས་གཅིག་རྗེས་གཉིས་མཐུད་ཀྱིས་མདོ་དབུས་ཁམས་གསུམ་གྱི་གྲུབ་མཐའ་རིས་མེད་ཀྱི་མཁས་དབང183གྱི་གསུང་འབུམ་པོད960ལྷག་ལས་བརྒྱ་ཆ་དགུ་བཅུ་ཡན་པར་དུ་བརྐོས་ནས་གང་སར་བཀྲམ་པས་བོད་ཁམས་ཡོངས་སུ་འཆད་རྩོད་རྩོམ་གསུམ་རྒྱ་ཆེར་དར་ཞིང་། མཁས་བཙུན་བཟང་གསུམ་མང་པོ་བྱུང་བ། ལྟ་སྒོམ་སྤྱོད་གསུམ་ཀུན་གྱིས་བརྩི་མཐོང་ཆེ་བའི་རྣམ་པ་ཡག་པོའི་གཞི་རྐང་ཚུགས་ཤིང་བོད་ཀྱི་སྐད་ཡིག་གཅིག་གྱུར་དང་རིག་གཞུང་གོང་འཕེལ་གཏང་རྒྱུར་ནུས་པ་ཆེན་པོ་ཐོན་ཡོད། །