ཚེ་སྲོག་གི་དོན་སྙིང་། ༼གཏམ་རྒྱུད་ཐུང་ཡང་གནས་ལུགས་ཟབ།༽

རྩོམ་པ་པོ།   ཚེ་དོན་གྱིས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2022-01-11   རྩོམ་ཁུངས།    སེམས་ཀྱི་ཉིུ་ཟླའི་བོད་ཡིག་དྲ་བ།

 རི་འཛེག་འགུལ་སྐྱོད་ལས་སྒྲུབ་ཁང་ཞིག་ནས་ཇོ་མོ་གླང་མའི་རི་རྩེར་འགོས་པའི་བྱེད་སྒོ་ཞིག་རྩ་འཛུགས་བྱས་པ་ན།  རི་འཛེག་ལ་དགའ་ཞེན་ཆེ་བའི་མི་སྣ་མང་པོ་ཞིག་གིས་མིང་ཐོ་བཀོད་ནས་བྱ་འགུལ་ནང་ཞུགས།    གནམ་གཤིས་དྭངས་ཤིང་དྲོ་འཇམ་ལྡན་པའི་ཉིན་མོ་ཞིག་ལ་ཁོང་རྣམ་པ་ཚོ་འགྲན་སློང་གི་ངར་ཁ་ཆེ་བའི་རེ་འཛེག་འགྲན་བསྡུར་ནང་དངོས་སུ་ཞུགས་མགོ་བརྩམས།  

ཆེས་ཐོག་མའི་སྨི་1000ཙམ་སོང་བའི་ཚེ་ན།   མི་ཚང་མ་སྤྲོ་སྣང་གིས་ཁེངས་ཤིང་། སུས་ཀྱང་རང་ཉིད་གཞན་གྱི་རྗེས་སུ་ལུས་མི་འདོད་པར་རི་རྩེའི་ཕྱོགས་སུ་བསྙེགས་ནས་སོང་།

    སྨི2000ཙམ་གྱི་སར་སླེབས་དུས།  མི་འགའ་ཤས་ཤིག་ལ་དབུགས་འཚང་བ་དང་ལུས་སྟོབས་ཀྱིས་མི་འདང་བའི་གནས་ཚུལ་བྱུང་།    

    སྨི3000ཙམ་གྱི་སར་སླེབས་པ་ན།   མི་བཅུ་ཙམ་གྱིས་ངལ་དུབ་མ་བཟོད་པར་བྱ་འགུལ་ལས་ཕྱིར་བུད། 

    སྨི་6000ཙམ་གྱི་སར་སླེབས་དུས།  སྔོན་མར་བྱ་འགུལ་ནང་ཞུགས་མཁན་མི་ལྔ་བཅུ་ཙམ་ཡོད་པ་ལས་ད་ནི་མི་བཅུ་ལས་མ་ལྷགས།  བལྟས་ཡོང་ན་མི་བཅུ་བོས་རི་རྩེར་འགོས་རྒྱུའི་སེམས་ཐག་བཅད་ཡོད་པ་འདྲ།   སྨི6400ཡི་མཚམས་ལ་བསླེབས་དུས།  དེའི་ནང་གི་མི་ཞིག་གིས་གློ་བུར་དུ་བསྐྱོད་མཚམས་བཞག་པ་དང་།   བྲང་ཁར་ལག་པ་བཞག་ནས་མི་གཞན་པ་རྣམས་ལ།    ད་ནི་ང་བསྐྱོད་ཐབས་མི་འདུག    ཁྱོད་ཚོ་མུ་མཐུད་ནས་བསྐྱོད་རོགས་གནང་ཞེས་བཤད་ཞོར་ཉེ་འགྲམ་ན་ཡོད་པའི་བྲག་ཁུང་ཞིག་ཏུ་འཛུལ་ནས་ངལ་གསོ་བྱས།  

    མི་གཞན་པ་ཚོས་གོམ་པ་རེ་རེ་སྤོས་ནས་ཇོ་མོ་གླང་མའི་རི་རྩེར་ཐོན།   ཕྱིར་ལོག་རྗེས་རི་འཛེག་པ་ཚོས་གོམ་ཁ་བསྐྱོད་མཚམས་བཞག་པའི་མི་དེ་ལ་ཡིད་སེམས་ཕངས་པའི་རྣམ་འགྱུར་བསྟན་པ་དང་།      སྨི400ལྷག་སོང་ན་རི་རྩེར་ཐོན་ཐུབ་པ་མ་ཡིན་ནམ་ཞེས་ལབ་གླེང་སྣ་ཚོགས་བྱས། 

    མི་དེའི་གདོང་ལ་འཛུམ་ཞིག་ལངས་པ་དང་མགོ་བོ་ཕར་གཡུག་ཞོར།   ང་ནི་སྔོན་ཆད་རི་བོ་མང་བོ་འཛེག་མྱོང་མཁན་ཞིག་ཡིན་པས་ངས་རང་ཉིད་ཀྱི་ཚད་གཞི་མཐོ་ཤོས་དེ་ཅི་ལྟ་བུ་ཞིག་ཡིན་པ་གཞི་ནས་ཧ་གོ་ཡོད།   སྨི6400ནི་ང་ལ་མཚོན་ན་ཚེ་སྲོག་གི་ཆེས་མཐོ་ཚད་དེ་ཡིན།    ད་ལྟ་ང་ལ་འགྱོད་སྣང་ཅི་ཡང་མེད།   གལ་ཏེ་ང་ལ་རང་གི་གཅེས་པའི་སྲོག་འདི་མི་དགོས་པའི་དབང་དུ་བཏང་ན།   ང་རང་མུ་མཐུད་ནས་རི་རྩེར་སོང་ཆོག་ཀྱང་གཅེས་སྲོག་དོར་ནས་དོན་དག་སྒྲུབ་པ་ལ་དེ་ལས་ལྷག་པའི་དོན་སྙིང་ཞིག་ཡོད་དམ་ཅེས་བཤད། 

    སྐད་ཆ་དེ་ཐོས་མ་ཐག    དེར་འདུས་པའི་རི་འཛེག་པ་ཀུན་གྱིས་མི་དེས་རང་གི་ཚེ་སྲོག་ལ་གཅེས་མཐོང་བྱེད་པའི་རྣམ་འགྱུར་དང་།     ཧོལ་རྒྱུག་དང་ཐེ་ཚོམ་མིན་པའི་བསམ་གཞིགས་ཞིབ་མོ་བཅས་ལ་ཡིད་ཆེས་དང་དད་པ་སྐྱེས་ནས་བསྔགས་བརྗོད་ཀྱི་སྙན་ཚིག་ཕུལ་བ་རེད།  


      དོན་དག་ཅི་ཞིག་ཡིན་རུང་འགག་ཁ་ལས་བརྒལ་ཐུབ་པའི་བྱེད་ཐབས་ཡོད་མོད།   འོན་ཀྱང་མི་ཡོད་ཚད་ནི་འགག་ཁ་ལས་ཐར་ནས་ཆེས་མཐོ་བའི་ཚད་གཞི་ལ་སླེབས་ཐུབ་པའི་ངེས་པ་མེད།    རང་གི་ནུས་ཚོད་དང་བསྟུན་ནས་དོན་དག་སྒྲུབ་པ་དང་།   འོས་ཤིང་མཚམས་པར་དོན་དག་སྒྲུབ་པ་ནི་ཐབས་ཤེས་གཉིས་ལྡན་གྱི་དོན་བཟང་ཞིག་ཡིན་ལ།    ཡང་ན་ཆེས་མཐོ་བའི་ཚད་གཞི་དེ་ཡང་ཡིན་ཞེས་བརྗོད་ཆོག