རྩོམ་པ་པོ།   ཚེ་དོན།  ཡིག་བསྒྱུར།       དུས་ཚོད།   2022-01-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སློབ་གཙོ་དང་གླ་བ་ཞེས་པའི་ཁ་བྱང་འདི་མཐོང་རྗེས། ཁྱོད་ཀྱིས་འདི་ནི་སློབ་གཙོ་ཞིག་དང་། གླ་བ་གང་རུང་ཞིག་བར་གྱི་གཏམ་རྒྱུད་ཅིག་ཡིན་པར་འདོད་ན་ཐང་། ཡིན་ན་ཡང་འོག་ཏུ་གླེང་བར་བྱ་བའི་སློབ་གཙོ་དང་གླ་བ་ནི་དོན་དངོས་ཐོག་མི་སྣ་གཅིག་གི་གཏམ་རྒྱུད་ཡིན།
ལོ་འགའི་སྔོན་ལ། སློབ་གཙོ་ཁོང་གིས་ཨ་རིའི་ཧ་ཧྥུ་སློབ་ཆེན་གྱི་སློབ་གཙོའི་འགན་བཞེས་སྐབས། བསམ་ཡུལ་ལས་འདས་པའི་དོན་དག་ཅིག་སྒྲུབ་རྒྱུའི་སེམས་ཐག་བཅད་ཅིང་། དོན་དག་དེ་མཚམས་མ་ཆད་པར་ད་ལྟའི་བར་དུ་སྒྲུབས་དང་སྒྲུབ་མུས་སུ་མཆིས་ཤིང་། སྔར་ནས་ཁོང་གི་འཚོ་བའི་གོམས་གཤིས་ཤིག་ཏུ་གྱུར་ཡོད། ཉིན་ཞིག ཁོས་གློ་བུར་དུ་སློབ་གྲྭ་གཞུང་ལ་ཟླ་བ་གསུམ་རིང་གི་གནང་བ་ཞུས་ཤིང་། རང་གི་ཁྱིམ་མི་ལ་མི་འགྱངས་པར་ང་ནི་ཐག་རིང་ཞིག་ཏུ་ཡུལ་སྐོར་ལ་འགྲོ་རྒྱུ་ཡིན། ཡང་སྙིང་ས་ཆ་གང་ཞིག་ལ་འགྲོ་རྒྱུ་ད་དུང་བློ་ཐག་བཅད་མེད། ངས་གཟའ་འཁོར་རེར་ཅིས་ཀྱང་ཁྱིམ་མི་ལ་ཁ་པར་ཐེངས་རེ་བཏང་ནས་འཚམས་བདེ་ཞུ་གི་ཡིན་པས་སེམས་ཁུར་ཅི་ཡང་བྱེད་མི་དགོས་ཟེར། ཅང་མ་འགོར་བར་ཁོང་གི་རྡོག་ཁྲེས་འཁུར་ནས་ལམ་དུ་ཆས་པ་རེད། དྲང་མོར་བཤད་ན། སློབ་གཙོས་སྔ་མོ་ནས་རང་ཉིད་ནི་ཨ་རིའི་ལྷོ་ཕྱོགས་ཀྱི་ཞིང་སྡེའི་ནང་དུ་འགྲོ་རྒྱུའི་འཆར་གཞི་བཟོས་ཟིན་པ་དང་། ཡུལ་དེ་ནས་རྣམ་པ་མི་གཅིག་པའི་འཚོ་བ་གསར་བ་ཞིག་རོལ་ན་འདོད་ཡོད། ཞིང་སྡེའི་ནང་དུ་ཐོན་རྗེས་ཁོང་གིས་ཐོག་མར་ཞིང་ཁ་ནས་གླ་རྒྱག་པའི་ལས་ཀ་ཞིག་གཉེར་བ་དང་། སྟོན་བླངས་རྗེས་ཁོང་གིས་ཟ་ཁང་ཞིག་ནས་སྡེར་མ་བཀྲུ་བའི་ལས་ཀ་གཉེར། ཞིང་ཁ་ནས་གཡུལ་གཅོག་པ་སོགས་ཀྱི་ལས་ཀ་བྱེད་དུས། ཁོང་གིས་ཀྱང་གཞན་གྱི་གླ་བ་དང་འདྲ་བར་མཚམས་རེར་སྦྱིན་བདག་གི་མ་རིག་མ་མཐོང་ས་ནས་དུ་བ་རྐང་རེ་རྔམ་འཇུབ་བྱེད་པ་དང་། ཡང་ཟ་ཁང་ནས་སྡེར་མ་བཀྲུ་དུས། གླ་བ་ཚོས་བྲེལ་གསེང་གི་བར་མཚམས་ནས་ངལ་གསོ་རེ་བྱས་ཏེ་ཁ་བརྡ་རེ་གློད་པ་སོགས་བརྒྱུད་རིམ་འདི་དག་གིས་སློབ་གཙོ་ཁོང་ལ་སྔར་བྱུང་མ་མྱོང་བའི་མཚར་སྣང་དང་དགའ་སྣང་མང་པོ་ཞིག་བསྐྱལ་ཡོང་ཡོད།
ཀུ་རེ་ཞིག་གི་ཚུལ་དང་འདྲ་བར། ཆེས་མཇུག་མཐར་རིག་གཞུང་ཚན་ཁག་གི་ཁྲོད་ན་སྙན་གྲགས་འབྲུག་ལྟར་ལྡིར་བའི་སློབ་གཙོ་ཁོང་ནི་སྦྱིན་བདག་ཅིག་གིས་ལས་ཀ་ནས་བདའ་ཞིང་ཕྱིར་འབུད་བཏང་བ་རེད། དེ་ནི་ཁོའི་ཟླ་བ་གསུམ་རིང་གི་གནང་བ་རྫོགས་སྐབས་བཙལ་བའི་ཟ་ཁང་གི་ལས་ཀ་ཞིག་ཡིན་ཞིང་ཁོ་བོས་སྔར་བཞིན་སྡེར་མ་བཀྲུ་བའི་གླ་ཆ་རྒྱབ། ཆུ་ཚོད་འགའི་རྗེས་ནས་ཟ་ཁང་དེའི་སྦྱིན་བདག་གིས་ངོ་གཉེར་གཉེར་དང་རྣམ་འགྱུར་བཙོག་པོའི་སྒོ་ནས་སློབ་གཙོའི་ཁུག་མའི་ནང་ལ་སྒོར་ལྡོག་འགའ་བཅུག་རྗེས། ལོ་ལོན་སྙིང་རྗེ་ཅན་ཁྱོད་ཀྱིས་སྡེར་མ་བཀྲུ་སྟངས་ཇི་འདྲའི་དལ་བ་ལའང་། ད་ནི་ང་ཚོའི་ཟ་ཁང་ནང་དུ་ཁྱོད་ལྟ་བུའི་གླ་བ་ཤོང་ཐབས་མི་འདུག ཕར་སོང་ཞེས་བཤད་ནས་བདའ་བ་རེད།
ཅང་མ་འགོར་བར། ལོ་ལོན་སྙིང་རྗེ་ཅན་འདི་རང་གི་ལས་གནས་ཏེ་ཧ་ཧྥུ་སློབ་ཆེན་དུ་སློབ་གཙོའི་འགན་འཁུར་བར་ཕྱིར་ཕེབས་ཤིང་སློབ་གྲྭ་བསྐྱོང་བའི་འགན་འཁུར། རྒྱུ་རྐྱེན་ཅི་ཞིག་གི་དབང་གིས་ཡིན་པ་མ་ཤེས་ཀྱང་། ཁོང་གིས་གློ་བུར་དུ་ཉེ་འཁོར་གྱི་ཆེས་གསལ་ཆ་ཡོད་པའི་ཁོར་ཡུག་འདི་ལ་གསར་སྣང་དང་སྤྲོ་སྣང་ལྡན་པའི་ངེས་ཤེས་ཤིག་རྙེད་ཅིང་། སྤྲོ་སྣང་གི་ཀློང་ནས་ལས་ཀ་སྒྲུབ་པ་ནི་ལོངས་སྤྱོད་གསར་བ་ཞིག་ཀྱང་ཡིན་པའི་གདེང་རྙེད། སུས་ཀྱང་མི་ཚོར་བ་ཞིག་ལ། ཟླ་བ་གསུམ་རིང་གི་གུང་གསེང་ཁྲོད། མགོ་ལ་དབུ་སྐྲ་དཀར་པོ་མངོན་པའི་སློབ་གཙོ་ཁོང་ནི་བྱིས་པ་པྲ་ཚགས་ཤིག་དང་འདྲ་བར་ཐལ་དྲགས་པའི་རྩེད་མོ་ཞིག་རྩེས་པ་དང་ཅི་ནས་མཚུངས། ཡིན་ན་ཡང་སློབ་གཙོ་ཁོང་རང་ཉིད་ལ་མཚོན་ནས་བཤད་ན། ཐེངས་འདིའི་གུང་གསེང་ནི་མི་ཚེའི་འགྲུལ་བཞུད་ཁྲོད་ཤིན་ཏུ་མཁོ་གལ་ཆེ་ཞིང་ལྷད་མ་འདྲེས་པའི་གདོད་མའི་རང་བཞིན་གྱི་ཡུལ་སྐོར་ཐེངས་ཤིག་ཡིན་པ་དང་། ཕྱིས་སུ་ཁོང་གིས་བྲེལ་འཚུབ་ཀྱི་བྱ་བའི་ཁྲོད་ནས་གུང་གསེང་འདི་འདྲ་གཏོང་བའི་གོམས་གཤིས་ཀྱི་རྒྱུན་བསྐྱངས་ཡོད། འདི་ལྟ་བུའི་སྟབས་བདེ་ཞིང་ལྷད་མ་འདྲེས་པའི་ཆེས་རང་བཞིན་གྱི་གུང་གསེང་གཏོང་སྟངས་ཀྱིས་ཁོ་བོའི་སེམས་སུ་ཡུན་རིང་ལ་ཉར་བའི་གད་སྙིགས་དེ་གཙང་སེལ་བྱེད་ཐུབ་ཀྱི་ཡོད་ཅིང་། བྱིས་དུས་ཀྱི་དྭངས་གཙང་ལྷད་མེད་ཀྱི་སེམས་ཁམས་དེ་ཉམས་སུ་མྱངས་ནས་སྔར་ལས་ལྷག་པའི་མཚར་སྣང་དང་དགའ་སྤྲོ་ཅི་རིགས་ཤིག་ལོངས་སྤྱོད་བྱེད་པར་ཕན་ཐུབ་ཀྱི་ཡོད།
མི་རྣམས་ཀྱིས་དུས་ཡུན་རིང་བོར་གཏན་འཇགས་ཀྱི་ཁོར་ཡུག་ཅིག་ནས་འཚོ་བ་རོལ་ན། ང་ཚོའི་སེམས་ཁམས་ལ་ཤེས་མེད་ཚོར་མེད་ཀྱི་ངང་ནས་ངན་ཤུགས་ཀྱི་སྦག་བཙོག་ཐེབས་ཀྱི་ཡོད། མཚམས་ལ་རེར་རང་ཉིད་ཀྱི་སེམས་ཁམས་ནི་ལྷིང་འཇགས་དང་ཆེས་གདོད་མའི་རང་གཤིས་སུ་ལོག་ནས་སེམས་ཀྱི་སྦག་བཙོག་གཙང་གསེལ་བྱས་པ་ཡིན་ན། ང་ཚོས་སྔར་ལས་ལྷག་པར་རང་གི་བྱ་བ་དང་འཚོ་བ་ལོངས་སྤྱོད་བཟང་བོ་ཞིག་བྱེད་པར་རམ་འདེགས་ཀྱི་ནུས་པ་མངོན་གསལ་ཐོན་གྱི་ཡོད།