རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-01-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ1པོའི་ཚེས15ཉིན་གྱི་ཕྱི་དྲོར།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སེམས་ཀྱི་ཉི་ཟླ་མགྲོན་ཁང་དུ་བདེ་ཆེན་གྱི་ས་གནས་གླུ་བ་དམ་པ་ཀླུ་སྒྲུབ་ལགས་ཀྱི་ཕ་སྐད་གླུ་གཞས་ཆེད་སྒྲིག་《བཀྲ་ཤིས་དབྱངས་ཅན》གྱི་མཉམ་སྤྱོད་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད།
མཉམ་སྤྱོད་ཡོངས་བསྒྲགས་ཚོགས་འདུའི་ཐོག་བདེ་ཆེན་ས་ཁུལ་གྱི་སྐད་གྲགས་ཆེ་བའི་གླུ་བ་གླུ་མ་དང་ཆེད་ལས་མཁས་པ།གསར་སྐྱེས་གླུ་བ་གླུ་མ་སོགས་གདན་འདྲེན་ཞུས་ཡོད་པ་དང་། དམ་པ་ཀླུ་སྒྲུབ་ལགས་ཀྱིས་མཉམ་སྤྱོད་ཚོགས་འདུའི་ཐོག་རང་གི་ཆེད་སྒྲིག་ནང་གི་གླུ་ཁ་ཤས་བླངས་ནས་ཡུལ་དངོས་ཀྱི་སྐུ་མགྲོན་རྣམས་ལ་བཀྲ་ཤིས་རྟེན་འབྲེལ་གྱི་ཚུལ་དུ་འབུལ་བ་རེད། གཞན་རང་རྒྱལ་གྱི་སྐད་གྲགས་ཆེ་བའི་གླུ་བ་གླུ་མ་དང་།བོད་འབྲེལ་ས་ཁུལ་གྱི་གླུ་བ་གྲགས་ཅན་བཀྲ་ཤིས་ཉི་མ།སྒྲོན་པེ།དབང་སྒྲོན་མཚོ་སོགས་ཀྱིས་དྲ་ལམ་བརྒྱུད་ནས་གླུ་གཞས་ཆེད་སྒྲིག་《བཀྲ་ཤིས་དབྱངས་ཅན》གྱི་མཉམ་སྤྱོད་ཡོངས་བསྒྲགས་ཚོགས་འདུ་འཚོགས་པར་བཀྲ་ཤིས་རྟེན་འབྲེལ་ཞུས་པ་རེད།ཁོང་གིས་མཉམ་སྤྱོད་ཚོགས་འདུའི་རྣམ་པ་བརྒྱུད་ནས་གསར་སྐྱེས་ཀྱི་གླུ་བ་གླུ་མ་རྣམས་ལ་སློབ་སྦྱོང་དང་ཉམས་མྱོང་བརྗེ་རེས་ཀྱི་གོ་སྐབས་བསྩལ་བ་མ་ཟད།རང་མི་རིགས་ཀྱི་ངོ་མཚར་རྨད་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་ཀྱི་འཛིན་སྐྱོང་སྤེལ་གསུམ་ཐད་དུ་རང་ནུས་གང་ཡོད་འདོན་ཡོད་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན།དམ་པ་ཀླུ་སྒྲུབ་ལགས་ཀྱིས་དཀའ་ངལ་ལ་མ་འཛེམ་པར་བདེ་ཆེན་གྱི་རི་ཀླུང་ཐང་གསུམ་བརྒལ་ནས་དམངས་ཁྲོད་སྒྱུ་རྩལ་གྱི་རྒྱུ་ཆ་འཚོལ་བསྡུ་བྱས་པ་དང་།དེ་ཡང་དུས་ཡུན་ལོ་ལྔའི་རིང་གི་དུས་ཚོད་སྤྱད་ནས་ཕ་སྐད་གླུ་གཞས་ཆེད་སྒྲིག《བཀྲ་ཤིས་དབྱངས་ཅན》སྒྲིག་བཟོ་བྱས་པ་དང་། འདི་ནི་ཁོང་གིས་རང་གི་སྐྱེས་ས་ཕ་ཡུལ་ལ་བཅངས་པའི་བརྩེ་སེམས་དང་།མི་རིགས་ལ་བཅངས་པའི་དུང་ཞེན་མཚོན་པར་བྱས་ཡོད།
ཕ་སྐད་གླུ་གཞས་ཆེད་སྒྲིག《བཀྲ་ཤིས་དབྱངས་ཅན》འདི་《ཁ་བ་དཀར་པོ་ལ་བསྟོད་པ》དང་།《དམ་པ་གནས་ཀྱི་གླུ་དབྱངས།》《སྐྱིད་པོ་ཨ་མའི་པང་སྟེང་།》《བསམ་ཡས་འཛོམས་བྱུང་།》《བྱ་དང་འཇོལ་མོ་ཁུ་བྱུག་གསུམ།》《བག་སྒྲིག་གཉེན་བསྟོད།》《སློབ་དཔོན་པདྨ་འབྱུང་གནས་ལ་བསྟོད་པ།》《ཨ་ལ་ལ་མོ།》《སེམས་ཀྱི་ཉི་ཟླ་ལ་བསྟོད་པ།》《ཚེ་རིང་མཚོ་མོ།》《གཡང་ཆགས།》《རྔ་བསྟོད།》《བཀྲ་ཤིས་གྲུབ་》བཅས་གླུ་གཞས་13གྱིས་གྲུབ་ཡོད།
དམ་པ་ཀླུ་སྒྲུབ་ནི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་གྱི་མི་ཡིན་ལ།ཆུང་དུས་ནས་གླུ་དབྱངས་ལེན་རྒྱུ་ཤིན་ཏུ་དགའ།རང་ཉིད་ཀྱི་སྐྱེས་སྟོབས་ཀྱི་ཤེས་རབ་དང་བརྩོན་འགྲུས་ལ་བརྟེན་ནས།སྒྱུ་རྩལ་གྱི་ལམ་ཁ་རུ་འབྲས་བུ་འབུར་དུ་ཐོན་པ་བླངས་ཡོད་པ་རེད།དམ་པ་ཀླུ་སྒྲུབ་དེ་སྔོན་སེམས་ཀྱི་ཉི་ཟླ་ཚན་སྡེབ་ཀྱི་ཁོངས་མི་ཡིན་པ་དང་།སྔ་རྗེས་སུ་རྒྱལ་ཁབ་20ལྷག་ལ་སོང་ནས་འཁྲབ་སྟོན་བྱས་མྱོང་བ་མ་ཟད།ཀྲུང་དབྱང་བརྙན་འཕྲིན་ཁང་གི་ལོ་གསར་དགོང་ཚོགས་ལ་ཐེངས་གཉིས་ལ་ཞུགས་མྱོང་བ་དང་།ཀྲུང་དབྱང་བརྙན་འཕྲིན་ཁང་གི་མཛའ་གཞས་འགྲན་བསྡུར་གྱི་བྱ་དགའ་ཨང་གཉིས་པ་སོགས་ཀྱི་བྱ་དགའ་མང་པོ་ཐོབ་མྱོང་བ་རེད།ད་ལྟ་ཁོང་ཉིད་བདེ་ཆེན་ཁུལ་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལྟེ་གནས་ཀྱི་ཀྲུའུ་རེན་གྱི་འགན་བཞེས་ཡོད་ལ།ཁོང་གིས་བདེ་ཆེན་དུ་ཕུན་སུམ་ཚོགས་པའི་མི་རིགས་རིག་གནས་ཡོད་པས།ང་ཚོས་རང་མི་རིགས་ཀྱི་སྲོལ་རྒྱུན་གྱི་རིག་གནས་འདི་མ་ཉམས་གོང་སྤེལ་དང་ཉམས་པ་སོར་ཆུད་བྱེད་རྒྱུ་ནི་ང་ཚོའི་ཕྲག་ཏུ་བབས་པའི་འགན་འཁྲི་ཡིན་ལ།རྗེས་རབས་པ་རྣམས་ཀྱིས་ཀྱང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དག་ལ་རྒྱུས་ལོན་དང་རྒྱུན་འཛིན་བྱེད་དགོས་པ་མ་ཟད།གླུ་དབྱངས་ཀྱི་ཆེད་ལས་ཐད་དུའང་ཧུར་བརྩོན་བྱས་ནས་དེ་ལས་མང་པོའི་འབྲས་བུ་ཐོབ་རྒྱུའི་རེ་བ་བཅངས་ཡོད་ཟེར།
《བཀྲ་ཤིས་དབྱངས་ཅན》ནང་གི་གླུ་གཞས་དེ་ཚོ་ཟླ1པོའི་ཚེས་15ཉིན་ནས་བཟུང་ཝང་དབྱི་གླུ་དབྱངས་དྲ་བ་སོགས་སུ་རིམ་བཞིན་གཏོང་རྒྱུ་ཡིན་པས།རྒྱ་ཆེའི་ཉན་མཁན་རྣམས་ཀྱིས་དྲ་ལམ་སོགས་ཀྱི་རྣམ་པ་བརྒྱུད་ནས་གསན་གཟིགས་བྱེད་ཆོག