རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-02-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
མཛེས་པའི་ཁང་བཟང་།
བི་ཤྭ་ཀརྨའི་པིར་གྱི་རྩེད་འཇོ་ལས་གསར་དུ་ལང་ཚོ་བཞད་འདྲའི་ཁང་བཟང་གྲུ་བཞིའི་ནང་དུ། ཨ་ནེ་དོན་འགྲུབ་སྒྲོལ་མས་ལུས་ལ་གཙང་ཞིང་དག་པའི་བོད་ལྭ་གོན་ཏེ། ཞི་དུལ་བག་ཕེབས་སྒོས་ཁྱམས་རའི་རྐུབ་སྟེགས་ཐོག་བསྡད་ནས་རང་གི་སྲིང་མོ་གཉིས་ལ་སྒུག་ནས་བསྡད་འདུག མ་གཞི་དེ་རིང་ཨ་ནེ་དོན་འགྲུབ་སྒྲོལ་མས་རང་གི་མིང་སྲིང་གཉིས་དང་མཉམ་དུ་སེམས་ཀྱི་ཉི་ཟླའི་ནགས་ལྕོག་རི་བོའི་འདབས་ཀྱི་ལུས་རྩལ་ཐང་དུ་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་རྒྱག་ཏུ་འགྲོ་རྩིས་ཡོད་པ་རེད།
ཨ་ནེ་དོན་འགྲུབ་སྒྲོལ་མ་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནམ་གསལ་གྲོང་སྡེའི་ཏ་ཞིན་གྲོང་མི་ཚོ་ཆུང་གི་གྲོང་མི་ཡིན་ལ། ད་ལོ་དགུང་ལོར་86ལ་སོན་པ་རེད། མོ་ལ་མིང་སྲིང་བརྒྱད་ཡོད་པ་རེད། མོས་ཆུང་དུས་ཀྱི་དཀའ་ཚེགས་ཆེ་བའི་ལོ་ཟླ་ཕྱིར་དྲན་བྱེད་སྐབས། མིག་མཐར་མིག་ཆུ་དབང་མེད་འཁོར་བྱུང་། ཁོ་མོས་དེ་སྔོན་འཚོ་བའི་ཆུ་ཚད་ཧ་ཅང་ཞན། ངེད་ཚང་ལ་བྱིས་པ་མང་བས། ཆུང་དུས་སུ་ལྟོགས་སྐོམ་མང་པོ་མྱོང་བྱུང་། དེ་སྔོན་གྱི་འཚོ་བ་ཕྱིར་འདང་རེ་རྒྱབ་ན་དངོས་ནས་སེམས་སུ་ན་ཟུག་སྐྱེས་ཡོང་། ད་ལྟའི་འཚོ་བ་འདི་ངའི་ཡིད་ངོར་ལ་ཤར་མ་བྱུང་། འདི་ཚང་མ་གུང་ཁྲན་ཏང་གི་བཀའ་དྲིན་ཡིན། གུང་ཁྲན་ཏང་ནི་ང་ལྟ་བུའི་ཞིང་པ་རྣམས་ཀྱི་མགོན་སྐྱབས་ཡིན།གུང་ཁྲན་ཏང་དངོས་གནས་ཡག་བྱུང་ཞེས་བསྟོད་པའི་མཐེ་བོང་ཡང་ནས་ཡང་དུ་དྲངས་པ་རེད།
ཨ་ནེ་དོན་འགྲུབ་སྒྲོལ་མས་རང་ཚང་གི་ལོ་རྒྱུས་བཤད་སྐབས། མོའི་རྨོ་བོ་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་པོ་ཏ་མཚོ་ཉེ་འཁོར་གྱི་གྲོང་མི་ཡིན་པ་དང་། ཆུང་དུས་རང་གི་རྨོ་བོ་བཤད་པ་ལྟར་ན་རྨོ་བོ་ལ་མིང་སྲིང་མང་པོ་ཡོད་པ་དང་། དེ་སྔོན་ལྷ་འབྲུམ་བྱུང་བས། ཁྱིམ་མི་གང་བོ་རིམས་ནད་ལས་ཐར་མ་ཐུབ་པར་རྐྱེན་ངན་ལས་བཀྲོངས། རྨོ་བོ་ལགས་ཆུང་དུས་གཞན་ལ་བུ་སྐལ་དུ་བྱིན་པས།ད་བཟོད་གསོན་ཐུབ་པ་བྱུང་བ་རེད་ཟེར།
ཨ་ནེ་དོན་འགྲུབ་སྒྲོལ་མ་དང་མོའི་སྲིང་མོ་གཉིས་ཀ
ཨ་ནེ་དོན་འགྲུབ་སྒྲོལ་མས་ཨ་མ་ལོ་ན་15ཡིན་པའི་སྐབས་སུ་ནམ་གསལ་གྲོང་ཚོར་སྤོར་བ་རེད། ཐེངས་འདིའི་ཏོག་གསར་གློ་ཚད་ཀྱི་རིམས་ནད་འདིའང་དེ་སྔོན་གྱི་ལྷ་འབྲུམ་ལྟར་འཇིགས་སུ་རུང་བ་ཞིག་རེད། དེ་དུས་སྨན་བཅོས་ཀྱི་ཆུ་ཚད་ཞན་པས་རང་གི་ཁྱིམ་མི་རྣམས་ནད་ཀྱིས་གཟེར་ནས་མི་ཡུལ་དང་བྲལ། དུས་དེང་སང་རང་རྒྱལ་གྱི་སྲིད་ཇུས་ཡག་པས། ཏོག་གསར་གློ་ཚད་ཀྱི་འགོག་ཁབ་འདི་རིན་མེད་ངང་རྒྱབ་ཆོག འདི་ཚང་མ་གུང་ཁྲན་ཏང་གི་བཀའ་དྲིན་ཡིན་ལ། ཏང་གི་བླ་ན་མེད་པའི་འགོ་ཁྲིད་ཀྱི་ཐུགས་ཁུར་ཡང་ཡིན་པ་རེད་ཅེས་ངོ་ལ་འཛུམས་མདངས་དང་བཅས་ཏེ་བཤད་བྱུང་།
ཨ་ནེ་དོན་འགྲུབ་སྒྲོལ་མ་ཆུང་དུས་སུ་ཐོན་སྐྱེད་རུ་ཁག་ཚོ་ཆུང་གི་འགོ་ཁྲིད་ཡིན་པ་དང་། ཚོ་ཆུང་ནང་ལས་ཀ་ལས་པའི་སྐབས་སུའང་གུང་ཁྲན་ཏང་ཞིག་གི་ཚད་གཞི་ལྟར་རང་ལ་རེ་བ་ནན་མོས་ལས་ཀ་ལས་པ་རེད། ཏང་གི་དགོངས་དོན་དྲིལ་བསྒྲགས་དང་སློབ་སྦྱོང་བྱེད་སྐབས་མོས་ནམ་ཡང་མདུན་དུ་སྐྱོད་ནས་བློ་གཅིག་སེམས་གཅིག་གིས་སློབ་སྦྱོང་བྱས་པ་མ་ཟད། རང་ཉིད་ཀྱི་འགྲོ་འདུག་སྤྱོད་གསུམ་ལའང་ཏང་ཡོན་ཞིག་གི་ཚད་གཞི་ལྟར་རང་ལ་རེ་བ་ནན་མོ་བཏོན་པ་རེད། དེ་ལས་གཞན་རང་ཉིད་ཚོགས་ཐོག་ཏུ་སློབ་སྦྱོང་བྱས་པའི་ཏང་གི་དགོངས་དོན་རྣམས་རང་ཁྱིམ་གྱི་ཁྱིམ་མིར་བཤད་པ་མ་ཟད། ཁྱིམ་མི་ལའང་གུང་ཁྲན་ཏང་ཡོན་ཞིག་གི་ཚད་གཞི་ལྟར་རང་ལ་རང་གཅུན་བྱེད་དགོས་པའི་ཁ་ཏ་བསླབ་བྱ་ཆད་མ་མྱོང་།
ཨ་ནེ་དོན་འགྲུབ་སྒྲོལ་མས་ཆུང་དུས་ནས་གུང་ཁྲན་ཏང་ཡོན་ཞིག་བྱེད་འདོད་མོད། འོན་ཀྱང་རང་ཉིད་ཀྱི་བསམ་པའི་གོ་རྟོགས་སམ་ཡང་ན་གུང་ཁྲན་ཏང་ཡོན་ཞིག་ལ་ཚང་དགོས་པའི་ཚད་གཞི་རུ་ད་དུང་ཐོན་མེད་པར་བསམ་ནས་གུང་ཁྲན་ཏང་ནང་དུ་ཞུགས་རྒྱུའི་སྤོབས་སེམས་མེད་པ་རེད། འོན་ཀྱང་མོས་དུས་རྒྱུན་གྱི་འཚོ་བའི་ཁྲོད་གུང་ཁྲན་ཏང་ཡོན་དང་འདྲ་བར་རང་ལ་བླང་བྱ་ནན་མོ་སྟོན་པ་དང་། རང་དཔེ་གཞན་སྟོན་བྱས་ནས་མི་རབས་ཚ་རྒྱུད་ལ་གུང་ཁྲན་ཏང་གི་རླབས་ཆེན་གྱི་དགོངས་དོན་དང་ཏང་ཡོན་གྱི་སྲོལ་བཟང་ཡུན་ནས་ཡུན་དུ་བརྒྱུད་བསྒྲགས་བྱས་པ་རེད།
ཨ་ནེ་དོན་འགྲུབ་སྒྲོལ་མ་ཚང་གི་ཚ་བོ་ཚ་མོ་རྣམས་མཉམ་འཛོམས་བྱས་ནས་ལོ་སར་གཏོང་བཞིན་པ།
ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་ལོན་པའི་འཁྲུངས་སྐར་ལ། མོས་སེམས་གཏིང་ནས་ཏང་གི་འཁྲུངས་སྐར་ལ་བཀྲ་ཤིས་སྨོན་འདུན་ཞུ་འདོད་པ་དང་། ང་ཚོས་བཅར་འདྲི་བྱས་རྗེས་མོས་ལག་ཏུ་བཟུང་བའི་སྐར་ལྔའི་དར་དམར་ཆུང་བ་དང་གུང་ཁྲན་ཏང་གི་དར་ཆ་ཆུང་ངུ་དེ་མོ་ལ་སྟེར་རོགས་ཞེས་ཟེར་ནས་ཁང་བའི་མདུན་བཅལ་གྱི་ཀ་རིང་སྟེང་བཙུགས་པ་རེད། འདི་ནི་ཁོ་མོའི་རང་གི་མེས་རྒྱལ་དང་གུང་ཁྲན་ཏང་ལ་བཅངས་བའི་ལྷད་མེད་ཀྱི་བརྩེ་དུང་ཡིན་ལ།ཡུན་ནས་ཡུན་དུ་གུང་ཁྲན་ཏང་གི་རྗེས་སུ་འབྲངས་རྒྱུའི་ཆོད་སེམས་ཡང་མཚོན་པ་རེད།
ད་ལྟ་ཨ་ནེ་དོན་འགྲུབ་སྒྲོལ་མའི་བྱིས་པ་རྣམས་ནར་སོན་ནས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནམ་གསལ་གྲོང་སྡེ་རུ་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད་ལ། ཟས་ནོར་ལོངས་སྤྱོད་ཀླུ་དབང་བང་མཛོད་ལ་འགྲན་པ་རེད། མོས་དུས་རྒྱུན་དུ་བུ་རབས་ཚ་རྒྱུད་རྣམས་ལ་ཁྱེད་ཚོའི་ད་ལྟའི་བདེ་སྐྱིད་འཚོ་བ་འདི་གུང་ཁྲན་ཏང་གིས་བྱིན་པ་ཡིན་པས། ཁྱེད་ཚོའི་ངེས་པར་དུ་ཏང་གི་བཀའ་དྲིན་ཚོར་དགོས་ལ། གུང་ཁྲན་ཏང་གི་རྗེས་སུ་ནམ་ཡང་འབྲང་དགོས་པའི་ཁ་ཏ་བསླབ་བྱ་གནང་བ་དང་། བྱིས་པ་རྣམས་ཀྱིས་ཀྱང་ཨ་མའི་བསླབ་བྱ་འདི་སེམས་ལ་རྡོ་བརྐོས་རི་མོ་བཞིན་ནམ་ཡང་རང་གི་སེམས་ངོར་བཟུང་ཡོད།