རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-02-15   རྩོམ་ཁུངས།    གསོ་རིག་རྒྱུན་ཤེས་འཕྲིན་སྟེགས།
༄༅།།བོད་ལུགས་གསོ་རིག་ལས་ལྕེ་ཡི་བརྟག་ཐབས་སྐོར་གླེང་པ།
རྫ་པད་རིག
གངས་ཅན་གསོ་རིག་ཀུན་གསལ་བུ་མོ་སྟེ།།
འཚོ་བྱེད་དཔུང་སྡེ་རབ་འབྱམས་རྒྱུ་སྐར་ལྟར།།
ཕྲ་ཙམ་བློ་ཡིས་ཡི་གེར་ཕབ་པ་ལ།།
མིག་དབང་ལྡིངས་སར་མཁྱེན་པས་གཞལ་བར་ཀྱེ།།
ཉེས་གསུམ་འཕེལ་ཟད་འཁྲུགས་གསུམ་དུ་འགྱུར་ཚེ་རིགས་མཐུན་གྱི་ནད་རྟགས་འདྲ་མིན་ཞིག་ལྕེ་སྟེང་ཤར་བས། ལྕེ་མདོག་ལ་འགྱུར་ལྡོག་འདྲ་མིན་སྣ་ཚོགས་འབྱུང་ཡང་། རྒྱུན་མཐོང་གི་ལྕེ་མདོག་ནི། དམར་པོ། སེར་པོ། སྔོན་པོ། དཀར་པོ། ནག་པོ་བཅས་རྩ་བའི་ཁ་དོག་ལྔ་དང་། གཞནཡང་། སྨུག་མདོག་དང་། ཁམ་མདོག སྐྱ་མདོག་བཅས་གོང་གི་ཁ་དོག་དེ་དག་ལྷན་འདུས་ཚུལ་དུ་ཡོད་པས། ཕལ་ཆེར་རྐྱང་པ་དང་ལྡན་འདུས་ལ་འབྲེལ་བ་ཟབ་མོ་ཡོད་པར་འདོད། སྤྱིར་ནད་བརྟག་ཐབས་རིག་པ་དེ་མེ་ལ་དུ་བ་གནས་པའི་རྟེན་འབྲེལ་གྱི་ཚུལ་དུ། དུ་བ་ཆེ་ཆུང་ལ་མེ་ཆེ་ཆུང་དང་། དུ་བ་གར་བྱུང་དུ་མེ་གར་ཡོད་པ་ལྟར། ལྕེ་མདོག་གི་ཚུལ་དཔྱད་ནས་ནད་ངོས་འཛིན་དང་སྨན་བཅོས་ལག་ལེན་བྱེད་དགོས། དེའི་ཕྱིར། འབུམ་ནག་ལས། ཁོང་ན་ནད་ཡོད་པའི་རྟགས་ལྕེ་ལ་འབྱུང་བའི་ཕྱིར་ནད་ཁོང་ན་ཡོད་པའི་ལྕེ་གཙོ་བོའོ།། ཞེས་གསུངས། དེ་བཞིན་ནད་ངོས་བརྟག་ཐབས་ཤིན་ཏུ་གཅེས་པར་གདམས་པས་ལྟར་སྣང་དང་ཅལ་སྒྲོག་ལས་ལྡོག་སྟེ་གསོ་བ་པོ་དང་གསོ་བྱ་གཉིས་ཀྱི་སླད་སྣང་མེད་འཇོག་མི་རུང་། མ་གཞི་ནས་ནད་བརྟག་ཡུལ་ལ། རྒྱུད་བཞི་ལས། བརྟག་ཡུལ་དབང་པོ་ཡུལ་ལྔ་དྲི་མ་ལྔ།། ཞེས་གསུངས་ཀྱང་། སྐབས་བབ་གླེང་གཞི་ནི། དབང་པོ་ལྔ་ལས་ལྕེའི་མདོག་གི་བརྟག་ཐབས་བཤད་ཁུལ་བྱས་ན།
དང་པོ། རླུང་ནད་ཅན་གྱི་ལྕེ།
དང་ཐོག་ནད་མེད་ཀྱི་རྟགས་ཤེས་པར་བྱ་བ་ནི་ཤིན་ཏུ་གཅེས་ཤིང་རྣམ་པར་མ་འགྱུར་པའི་རང་རང་གི་མཚན་ཉིད་དང་མཐུན་པའི་རྟགས་མཆེད་ཚུལ་ནི། “དམར་འཇམ་རློན་ཞིང་མཉེན་ན་ནད་དང་བྲལ།།”། ཞེས་པ་ལྟར། དམར་འཇམ་རློན་མཉེན་ཕྱིར་མངོན་ན་ནད་མེད་ཀྱི་རྟགས་ཡིན།། དེའི་ཕྱིར། རླུང་ནད་ཅན་གྱི་ལྕེ་ནི་རྒྱུན་ལྡན་ལས་དམར་ཞིང་རྩུབ་རེག་གི་རྣམ་པ་སྟེ། སྤྱིར་ལྕེ་མདོག་དམར་པོ་གྱུར་པ་ནི་ཁྲག་དང་མཁྲིས་པའི་རང་མདོག རླུང་འཕེལ་བ་དང་འཁྲུགས་པ་གང་རུང་དུ་གྱུར་ན་ལྕེ་མདོག་དམར་པོ་མངོན། ལྕེར་རླུང་འཕེལ་བ་དང་སྐམ་རྩུབ་ཀྱི་ངོ་བོ་འབྱུང་ཚུལ་སོགས་ནི་རི་ཐང་མཚམས་ཀྱི་སྐབས་སུ། ལྕེ་སྐམ་ཕན་ཆད་རླུང་འབུད་ཡོད་པ་ཡིན།། སྐམ་ལ་རིད་ན་རླུང་ལས་ཚད་ཁ་མཐོ།། སྐམ་ལ་ནག་ན་རླུང་ཚད་ཕྱེད་མར་ཡོད།། དམར་ལ་སྐམ་རྩུབ་རླུང་ཉིད་ཟང་མ་ཡིན།། ཞེས་པ་ལྟར་རླུང་གིས་ཚ་བ་བུས་པས་ལྕེར་སྐམ་རིད་དང་ཁ་དོག་ནག་པོ། དམར་རྩུབ་སོགས་ཟང་མ་སྟེ་རླུང་རྐྱང་པའི་རྟགས་མངོན། ཡང་གདོང་བརྟག་ལས། ལྕེ་མདོག་དམར་དྲག་ཚ་དང་དྲག་རྟགས་ཡིན།། དམར་ལ་སྐམ་པ་ཕོ་བར་གནོད་པ་བྱུང་།། དམར་ལ་སྐམ་ཞིང་ལྕེ་དྲེག་མེད་པ་ན།། གཅིན་ལ་གནོད་པ་བྱུང་བའི་རྟགས་སུ་བཤད།། དེ་ནི་མཆིལ་མ་ཞུན་ཁུའི་ཕྱོགས་ལ་གཏོགས།། ལྕེ་རྒྱུ་དམར་ཞིང་དྲོད་ཡོད་ཚ་རྟགས་དང་།། ལུས་ཞན་གྱུར་དུས་སྲིབས་ཉམས་རྟགས་སུ་བཤད།། ཅེས་གསུངས་པ་ལྟར་ལྕེ་མདོག་དམར་དྲག་ན་ཚ་བའི་རྟགས་དང་། ལྕེ་མདོག་དམར་ལ་ངོ་བོ་སྐམ་ན་ཕོ་བར་གནོད་པ་བྱུང་བའི་རྟགས། ལྕེ་མདོག་དམར་ལ་ངོ་བོ་སྐམ་པ་དང་དྲེག་པ་མེད་ན་ལུས་ཀྱི་ཆུ་ཁམས་ལ་གནོད་པ་བྱུང་བའི་རྟགས། ལྕེ་མདོག་དམར་ལ་དྲོད་ཡོད་ན་ཚ་བའི་རྟགས། ལུས་སྟོབས་ཞན་ནས་སྲིབས་ཉམས་པའི་རྟགས་སུ་བཞེད་དོ།།།
གཉིས་པ། མཁྲིས་ནད་ཅན་གྱི་ལྕེ།
སྤྱིར་མཁྲིས་པའི་ལྕེ་མདོག་ནི་སེར་པོ་ཡིན་ཞིང་། ལྕེ་སྟེང་ལ་བད་ཀན་སེར་པོ་ཆགས་པའམ་མདོག་སྐྱ་སེར་མཐུག་པོས་གཡོགས་པ་ལྟར་དུ་སྣང་། མཁྲིས་པ་དང་ཚད་པའི་ནད་ཀྱི་སྤྱི་རྟགས་ཀྱང་ཡིན། དཔེར་ན། གསོ་དཔྱད་རྒྱལ་བོའི་དཀོར་མཛོད་ལས། ཚད་པ་ཡོད་ན། ལྕེ་སེར་བའམ། ནག་ལ་ཐུང་པ། ཞེས་ལྕེ་མདོག་སེར་ལ་ནག་པོ་མངོན་པ་ནི་ཚད་པའི་ནད་ཀྱི་རྟགས་ཡིན། དེའི་ཕྱིར་ལྕེ་འོག་མཆུ་རྣམས་ཀྱི་པགས་མདོག་ལྷག་པར་སེར། གསོ་རིག་ཟིན་ཏིག་ཡང་ཏིག་ལས། ལྕེ་ལ་བད་ཀན་སེར་པོ་ཆགས། ཞེས་གསུངས་ལྟར། མཁྲིས་ནད་དབང་གིས་ལུས་ཡོངས་སེར་གཤིས་མངོན་ཞིང་སྐབས་འབབས་ཀྱི་གླེང་བྱ་ལྕེ་སྟེང་སྐྱ་བོ་ཆགས་སོ།།
གསུམ་པ། བད་ཀན་ནད་ཅན་གྱི་ལྕེ།
བད་ཀན་ནད་ཅན་གྱི་ལྕེ་མདོག་ནི་སྐྱ་ཤས་ཆགས་པ་དང་རོ་མི་གསལ་བ་ཡིན་ཏེ། སྤྱི་རྟགས་སུ། ཁ་མངལ་ལྕེ་རྙིལ་སྐྱ་ལ་མིག་དམར་སྐྲངས།། ཞེས་བད་ཀན་ས་ཆུ་ཤས་ཆེ་ཞིང་རླུང་ཁྲག་གི་སྟོབས་ཟད་པས་ལྕེ་རྙིལ་སྐྱ་བོ་མངོན་པ་དང་ལྕེ་དབང་གིས་རོ་མི་གསལ་བ་བཅས་ཀྱི་མངོན་རྟགས་འབྱུང་། ཕྱི་ཡུལ་བརྟག་ཐབས་ཉུང་གསལ་ལས། སྐྱ་འཇམ་མདངས་མེད་བད་ཀན་ནད།། ཅེས་གསུངས་པ་ལྟར། སྐྱ་འཇམ་མངོན་པ་ནི་ཆུ་དང་བད་ཀན་གྱི་མཚན་ཉིད་མཚོན་ཞིང་། མདངས་མེད་པ་ནི་གླེག་པ་དང་དོན་མཚུངས་པ་ཡིན། གཞན་ཡང་། གསོ་རིག་ཟིན་ཏིག་ཡང་ཏིག་ལས། ལྕེ་སྐྱ་ཞིང་གླེགས་{ གླེག} ལ་མདངས་མེད་པ་ནི་བད་ཀན་སྐྱ་བོ་རང་རྒྱུད་ཅན་ཡིན། ཞེས་གསུངས་སོ།།
བཞི་བ། རླུང་ཚད་ནད་ཅན་གྱི་ལྕེ།
སྤྱིར་རླུང་ལ་ཚད་ཞུགས་ནད་ཅན་གྱི་ལྕེ་མདོག་དེ་རྒྱུན་ལྡན་གྱི་དམར་པོ་ལས་ནག་ཤས་ཅན་མངོན་པ་ནི། ནད་ལུས་ཀྱི་འཇུག་སྒོ་གང་དུ་ཞུགས་ཀྱང་ངོ་བོ་རླུང་ཚད་ཀྱི་ཁོངས་སུ་གཏོགས་ལ། རླུང་ཚད་འཐབ་པའི་རྟགས་སུའང་འགྲོ། མན་རྒྱུད་ལས། ལྕེ་སྐམ་ཕན་ཆད་རླུང་འབུད་ཡོད་པ་ཡིན།། སྐམ་ལ་རིད་ན་རླུང་ལས་ཚད་ཁ་མཐོ།། སྐམ་ལ་ནག་ན་རླུང་ནད་ཕྱེད་མར་ཡོད།། དམར་ལ་སྐམ་རྩུབ་རླུང་ཉིད་ཟང་མ་ཉིད།། ཅེས་གསུངས་པ་ལྟར། རླུང་ལ་ཚད་ཞུགས་ཀྱི་ནད་རྟགས་ལྕེ་མདོག་མངོན་ཚུལ་ནི། རླུང་གིས་བུས་པ་ལས་ལྕེ་སྐམ་པོ་བྱུང་། ལྕེ་ཡར་འདྲིལ་ཉམས་ཡོད་པ་སྐམ་རིད་རླུང་ལས་ཚད་པ་མཐོ་བ། སྐམ་ཞིང་མདོག་ནག་པོ་མངོན་རླུང་ཚད་ཕྱེད་མ། མདོག་དམར་ལ་སྐམ་ཞིང་རེག་བྱ་རྩུབ་ན་རླུང་ཉིད་ཟང་མ་སྟེ་རླུང་རྐྱང་པ་ལས་ཚ་བ་མེད་པའི་རྟགས་སོ།།
ལྔ་པ། མཁྲིས་ཚད་ནད་ཅན་གྱི་ལྕེ།
སྤྱིར་མཁྲིས་པ་དང་ཚ་བ་གཉིས་མཚན་ཉིད་གཞི་མཐུན་ཡིན་ཞིང་། ཚ་བའི་ནད་ཅེས་པ་ནི་ནད་ཀྱི་ངོ་བོ་ལ་བལྟོས་ནས་བཏགས་པའི་ལུས་ཀྱི་ཆ་ཤས་ཡོངས་ལ་ཁྱབ་པའི་ནད་གཞིའི་མཁྲིས་པའི་མཚན་ཉིད་ལྡན་པ་ཟེར་ཏེ། ཚ་བའི་ནད་ཀྱི་ངོ་བོ་ནི་མཁྲིས་པའི་མེ་དྲོད་ཐང་ལས་ལྷགས་ཞེས་བཞེད། དེའི་ཕྱིར། མཁྲིས་པ་ཚད་ཞུགས་ནད་ཅན་གྱི་ལྕེ་མདོག་ལ་དམིགས་བསལ་ནད་རྟགས་གསུངས་མེད་ཀྱང་། མན་རྒྱུད་ལས། ལྕེ་སྟེང་སེར་ལ་སྐམ་ཁོག་ཐ་མ་དམར།། ཞེས་དང་། ལྕེ་ལ་ཞུགས་ན་ལྕེ་སེར་རོ་ཀུན་ཁ།། ཞེས་གསུངས་པ་ལྟར། མཁྲིས་པའི་རི་ཐང་མཚམས་ངོས་འཛིན་པའི་ལྕེ་མདོག་དང་མཁྲིས་པ་དབང་པོར་ཞུགས་པའི་རྟགས་ནི། ལྕེ་སྟེང་སེར་ལ་སྐམ་ཁོག་སྟེ་བརླན་གཤེར་གྱི་ཚད་ཉུང་བ། ཐ་མར་མདོག་དམར་པོ་བྱུང་པ་དང་། ལྕེ་ལ་མཁྲིས་པའམ་ཚ་བ་ཞུགས་ན་ལྕེ་ཡོངས་སེར་པོ་ཆགས་ཤིང་ཁ་ཟས་གང་ཞིག་བརྟེན་ཡང་ཁ་བར་འགྱུར་བའི་དོན་ནོ།།
དྲུག་པ། བད་ཚད་ནད་ཅན་གྱི་ལྕེ།
སྤྱིར་བད་ཀན་ནི་ཚ་གྲང་གཉིས་ལས་གྲང་བ་དང་། ཚད་པ་ནི་ཚ་བའི་མཚན་ཉིད་དང་མཐུན་པར་ཡིན་ཡང་། བད་ཚད་ནད་ཅན་གྱི་ལྕེ་ཞེས་དམིགས་བསལ་མཐོང་མ་མྱོང་ཡང་། མཁྲིས་པ་ཞེས་བྱ་བ་ནི། མེ་ཡི་རང་བཞིན་ཅན་ཚ་ཞིང་འབར་བའི་མཚན་ཉིད་དང་ལྡན་པར། སྙིང་པོ་བསྡུས་པ་ལས། སྣུམ་ལས་མཁྲིས་འབར་མེ་ཡི་མིང་།། དེ་ལས་གྱུར་པའང་དེ་ཙམ་མོ།། ཞེས་གསུངས་པ་ལྟར། མཁྲིས་པ་ནི་འབར་བའི་རང་བཞིན་ཅན་དང་ལུས་ཀྱི་དྲོད་ཁམས་ཀྱི་ཆ་ཤས་ཡོངས་རྫོགས་ཀྱི་མིང་ཡིན་པས། བད་མཁྲིས་ནད་ཅན་གྱི་ལྕེ་ལ་བརྟག་ན་འཁྲུལ་བ་ཆེན་པོ་མེད་པར་སྙམ། རྒྱུ་མཚན་ནི། མཁྲིས་པ་རང་གི་ལྡང་ཚད་( སྐྱེས་པ་རང་གི་གསང་གནས་ཀྱི་སྒྲོ་བ་གང་།) ལས་ལྷག་པར་འགྱུར་ཚེ་ཚ་བའི་རྣམ་པར་འགྱུར་བ་ཡིན། དེ་བས། བད་མཁྲིས་ནད་ཅན་གྱི་ལྕེ་མདོག་ནི། མན་རྒྱུད་སྐབས་ཀྱི་བད་ཀན་སེར་པོའི་རྒྱུན་རྟགས་ཏེ། ཕོ་བའི་མེ་དྲོད་འཇུ་བྱེད་ཀྱི་སྟོབས་ཉམས་ནས་སྣོད་མཁྲིས་རྩ་མིག་ཏུ་བྱེར་ཏེ་ཤ་མདོག་དང་ལྕེ་ཧྲིལ་པོར་སེར་པོ་འགྱུར། གང་ལྟར། བད་ཀན་དང་མཁྲིས་པ་ལྡན་པ་ལས་ལྕེ་སྟེང་སྐྱ་གླེགས་ཆགས་པ་དང་ལྕེ་ཡོངས་སེར་པོ་མངོན་པར་འདོད་དོ།།
གཞན་ཡང་། ལྕེའི་ཁ་དོག་སྔོན་པོ་མངོན་ན་ཁྲག་དབུགས་ཞན་པའི་རྟགས་དང་ནད་གཞི་ལྕི་བའི་རྟགས་སུ་འགྲོ། དེང་རབས་གསོ་རིག་གིས་ཀྱང་ཁ་ལྕེ་སྔོན་པོར་གྱུར་པ་ནི་ལུས་ཁམས་ཀྱི་དབྱང་རླུང་མི་འདང་བའི་རྟགས་སུ་བཞེད། ལྕེ་སྟེང་ནག་པོ་མངོན་ན་དངོས་དུག་ཕོག་པའི་རྟགས་མངོན་ཞིང་མང་ཆེ་བ་འཆི་ལྟས་སུ་འབྱུང་། གསོ་རིག་དགོས་པ་ཀུན་འབྱུང་ལས། ལྕེ་ལ་སྔར་མེད་ཐིག་ལེ་ནག་པོ་བྱུང་ན་ཞག་གསུམ་ནས་འཆི་བའི་ལྟས་ཡིན། ཚ་བ་གཉན་རིམས་ཀྱི་སྐབས་སྙིང་ལ་ཚ་བ་རྒྱས་རྟགས་སུ། ལྕེ་སྐམ་གཞུང་ནག་གཉིད་དང་སྐོམ་དད་ཆེ། ཞེས་གསུངས་པ་ལྟར་ལྕེ་མདོག་ནག་པོ་མངོན་པ་ནི། སྙིང་ནད་ཀྱི་རྟགས་དང་། དུག་སྙིང་ལ་འབབ་པ། མཁལ་ནད་ཀྱི་རྟགས་སུའང་ལྕེ་མཐའ་ནག་པོ་མངོན་པ་སོགས་ཡོད། ལྕེར་སྐམ་རློན་གྱི་རྟགས་ཀྱང་ཚ་གྲང་གི་མཚན་ཉིད་དང་སྦྱར་ཏེ་རྟགས་མངོན་ནོ།། སྤྱིར་ལྕེ་སྟེང་ལ་ཁ་མདོག་གཅིག་ཁོ་ན་རྟགས་སུ་ཤར་བ་ཧ་ཅང་ཉུང་བས་མང་ཆེ་བ་ལྡན་པ་དང་འདུས་པའི་ཚུལ་དུ་གནས་པས། མཚམས་རེར་ཁ་མདོག་ཟབ་མིན་དང་ཁ་དོག་ཕན་ཚུན་གབ་སྦས། ལན་རེར་ལྕེ་སྟེང་ཁ་མདོག་ཁ་ཤས་མཚམས་ཕྱེ་སྟེ་རྐྱང་བར་འབྱུང་བ་སོགས་ལྕེ་སྟེང་མངོན་ཚུལ་མི་འདྲ་བས། ཡོད་ཚད་ཁ་ཚོན་གཅོད་པའི་ཤེས་སྟོབས་གཏམས་མེད་ཀྱང་། རིག་པའི་གཞུང་ལུགས་ཐོས་པ་ཉུང་ངུ་ལས་སྔར་མེད་ཀྱི་ཐོས་པ་གསར་བར་ཡིད་དགྱེས་པའི་ངང་མི་བརྗེད་པའི་ཟིན་བྲིས་ཙམ་དུ་སྦྱར།
སླར་སྨྲས།
མ་རིག་དབང་གིས་དུག་གསུམ་བསྐྱེད་པ་དང་།།
འབྱུང་ལྔ་འཁྲུགས་པས་ཉེས་གསུམ་འཕེལ་ཟད་འཁྲུགས།།
ཚུལ་བཞིན་རྟོགས་པའི་བློ་གྲོས་མཆོག་མངའ་སྟེ།།
ཕན་བདེའི་གཟིངས་ཆེན་རྟག་ཏུ་བགྲོད་པར་ཤོག།