རྒྱལ་ཡོངས་དམངས་ཆེན་སྐབས13པའི་གྲོས་ཚོགས་ཐེངས5པ་ཚོགས་མགོ་བརྩམས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-03-07   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

    ཟླ3པའི་ཚེས5ཉིན་གྱི་སྔ་དྲོའི་ཆུ་ཚོད9སྟེང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པའི་མགོ་རྩོམ་མཛད་སྒོ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་ནས་གཟབ་རྒྱས་ངང་བསྡུས། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་གྲོས་ཚོགས་ལ་ཞུགས། ཚོགས་འདིར་འཐུས་མི2951ཕེབས་དགོས་པ་དང་དངོས་སུ་འཐུས་མི2790ཞུགས་ཡོད་པས་ཁྲིམས་ལུགས་ཀྱིས་གཏན་འཁེལ་བྱས་པའི་མི་གྲངས་དང་མཐུན། 

    ཚོགས་འདུའི་གྲོས་རིམ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་སྲིད་གཞུང་གི་ལས་དོན་སྐོར་གྱི་སྙན་ཞུ་གནང་ཡོད། སྙན་ཞུ་དེ་དོན་ཚན་ཁག་གསུམ་ལ་དབྱེ་ཡོད་པ་སྟེ། གཅིག་ནི་སྤྱི་ལོ་2021ལོའི་ལས་དོན་གྱི་ཕྱིར་དྲན་དང་། གཉིས་ནི་སྤྱི་ལོ་2022ལོའི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་སྤྱིའི་བླང་བྱ་དང་སྲིད་ཇུས་ཁ་ཕྱོགས། གསུམ་ནི་སྤྱི་ལོ་2022ལོའི་སྲིད་གཞུང་ལས་དོན་གྱི་ལས་འགན་བཅས་ཡིན་པ་རེད། 

     ལི་ཁེ་ཆང་གིས་སྙན་ཞུའི་ནང་སྤྱི་ལོ་2022ལོའི་གོང་འཕེལ་གྱི་སྔོན་དཔག་དམིགས་འབེན་གཙོ་བོ་ཁྱབ་བསྒྲགས་གནང་ཡོད་པ་སྟེ། རྒྱལ་ནང་གི་ཐོན་སྐྱེད་སྤྱིའི་རིན་ཐང་5.5%ཡས་མས་འཕར་བ་བྱ་རྒྱུ་དང་། གྲོང་ཁྱེར་དང་གྲོང་རྡལ་དུ་མི་བྱེ་བ་གཅིག་དང་ས་ཡ་གཅིག་ཡན་ལས་ཀར་གསར་དུ་ཞུགས་ཐུབ་པ་བྱ་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་ཐུབ་པའི་ལས་ཀ་ཤོར་ཚད་ལོ་ཧྲིལ་པོར་5.5%ནང་ཚུན་དུ་ཚོད་འཛིན་བྱ་རྒྱུ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་3%ཡས་མས་ལ་ཚོད་འཛིན་བྱ་རྒྱུ། གྲོང་མིའི་ཡོང་འབབ་འཕར་ཚད་དང་དཔལ་འབྱོར་འཕར་ཚད་གཞི་རྩའི་ཆ་ནས་གཅིག་མཚུངས་ཡོང་བ་བྱ་རྒྱུ། ཕྱིར་གཏོང་ནང་འདྲེན་བརྟན་པོའི་ཐོག་སྤུས་ཀ་ལེགས་སུ་གཏོང་རྒྱུ། རྒྱལ་སྤྱིའི་གཏོང་ཡོང་གཞི་རྩའི་ཆ་ནས་དོ་སྙོམས་ཡོང་བ་བྱ་རྒྱུ།  འབྲུ་རིགས་ཐོན་འབོར་རྒྱ་མ་དུང་ཕྱུར་ཆིག་ཁྲི་སུམ་སྟོང་ཡན་རྒྱུན་འཁྱོངས་ཐུབ་པ་བྱ་རྒྱུ། འབྱུང་ཁམས་ཁོར་ཡུག་གི་སྤུས་ཀ་རྒྱུན་མཐུད་ངང་ལེགས་སུ་གཏོང་རྒྱུ་དང་སྦགས་བཙོག་དངོས་པོ་གཙོ་བོའི་འབུད་བཤངས་བྱེད་ཚད་རྒྱུན་མཐུད་ངང་ཆག་པ་བྱ་རྒྱུ།  ནུས་རྒྱུའི་ཟད་གྲོན་ཤུགས་ཚད་ཀྱི་དམིགས་འབེན་དེར་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་རིང་གཅིག་གྱུར་དཔྱད་དཔོག་བྱ་རྒྱུ་མ་ཟད་རྐྱང་སྐུམ་བྱ་གཞི་ཕྲན་བུ་ཡོད་པ་བྱ་རྒྱུ། གསར་དུ་འཕར་བའི་སླར་སྐྱེས་ནུས་རྒྱུ་དང་མ་བཅོས་ནུས་རྒྱུའི་ཟད་གྲོན་དེ་ནུས་རྒྱུ་འཛད་སྤྱོད་སྤྱི་འབོར་ཚོད་འཛིན་བྱེད་པའི་ནང་འཇུག་རྒྱུ་མིན་པ་བཅས་ཡིན་པ་རེད།

       ཚོགས་འདུའི་གྲོས་རིམ་གཞིར་བཟུང་། ཚོགས་ཆེན་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྤྱི་ལོ་2021ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་། སྤྱི་ལོ་2022ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་གཞིའི་འཆར་ཟིན་སྙན་ཞུ། དེ་བཞིན་སྤྱི་ལོ་2022ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་གཞིའི་འཆར་ཟིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྤྱི་ལོ་2021ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་སྤྱི་ལོ་2022ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་གྱི་སྙན་ཞུ། སྤྱི་ལོ་2022ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་བཅས་ལ་ཞིབ་བཤེར་བྱས་ཡོད། 

       རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲེན་གྱིས་ཁག་སོ་སོར་ས་གནས་རིམ་པ་ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་པ་ཁག་གི་མི་དམངས་སྲིད་གཞུང་གི་རྩ་འཛུགས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་སྐོར་གྱི་གསལ་བཤད་དང་། སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་མི་གྲངས་དང་འདེམ་བསྐོའི་གནད་དོན་གྱི་གཏན་འབེབས་འཆར་ཟིན་སྐོར་གྱི་གསལ་བཤད། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱིས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་འདེམ་བསྐོ་བྱ་ཐབས་འཆར་ཟིན་སྐོར་གྱི་གསལ་བཤད། ཨོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱིས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་འདེམ་བསྐོ་བྱ་ཐབས་འཆར་ཟིན་སྐོར་གྱི་གསལ་བཤད་བཅས་གནང་ཡོད་པ་རེད།