སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པ་འགོ་ཚུགས་པ།
རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-03-07   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།
ཚེས་4ཉིན་གྱི་ཕྱི་དྲོ། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པ་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་ཤིང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་2000ལྷག་ཙམ་གྱིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ལ་དམ་པོར་དམིགས་ནས་གྲོས་མོལ་སྲིད་གླེང་གཏིང་ཟབ་དང་། རང་འགན་གཙང་སྒྲུབ་ནན་ཏན། ཐུན་མོང་ངོས་འཛིན་གཅིག་སྡུད་རྒྱ་ཁྱབ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་ཆེད་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་རྒྱུ་རེད། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ནས་ཚོགས་ཆེན་འཚོགས་པར་རྟེན་འབྲེལ་ཞུས་པ་རེད།
རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པར་ཨུ་ཡོན་2157ཕེབས་དགོས་པ་དང་དངོས་སུ་1988ཕེབས་ཡོད་པས། ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད། ཚོགས་ཆེན་ཐོག་དང་ཐོག་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་གྲོས་རིམ་ལ་གྲོས་ཞིབ་གནང་ནས་གྲོས་འཆམ་བྱུང་བ་རེད། དབང་དབྱང་གིས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ཐོག་ལས་དོན་སྙན་སྒྲོན་གནང་བ་རེད། དབང་དབྱང་གིས་ཕྱོགས་5ཡི་ཐད་ནས་འདས་ཟིན་པའི་ལོ་གཅིག་རིང་གི་རྒྱལ་ཡོངས་སྲིད་གྲོས་ཀྱི་ལས་དོན་ལ་ཕྱོགས་སྡོམ་གནང་བ་སྟེ། གཅིག་ནས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བར་དམིགས་ཏེ་ཀྲུང་གུང་ཏང་གི་ལོ་རྒྱུས་གཙོ་གནད་དུ་བྱེད་པའི“ལོ་རྒྱུས་བཞིའི”སློབ་གསོ་གཏིང་ཟབ་སྤེལ་ནས་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང“སྲུང་སྐྱོང་གཉིས”ཀྱི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་གཏོང་བར་ཁྲིད་སྟོན་བྱས་ནས་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་བཏང་བ་དང་། གཉིས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་སོགས་ཀྱི་སྲིད་གླེང་ཇུས་འབུལ་ལ་དམིགས་ནས“ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཡག་པོ་ཞིག་འཛུགས་པར་སྐུལ་འདེད་བཏང་བ། གསུམ་ནས་སྲིད་གྲོས་ཀྱི་གྲོས་མོལ་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་དང་། ཆེད་དོན་ཨུ་ཡོན་ལྷན་ཁང་གི་རྨང་གཞིའི་རང་བཞིན་གྱི་ནུས་པ་ཆེ་རུ་གཏོང་བ། རིགས་གཅིག་མཁས་ཅན་གྱི་གྲོས་མོལ་ཚོགས་འདུ་གསར་དུ་འཛུགས་པ། གྲོས་མོལ་རྣམ་པའི་ལྟ་སྐུལ་གྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་བྱེད་པ། ཨུ་ཡོན་གྱི་རང་བརྟེན་བརྟག་ཞིབ་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པ། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་བསམ་འདུན་མཚོན་པའི་ཐབས་ལམ་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་ཕྱོད་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱས་པ། བཞི་ནས་མཐུན་སྒྲིལ་དང་མཐུན་འབྲེལ་གྱི་བྱ་ཐབས་དང་གཞི་རྟེན་འཐུས་ཚང་དུ་བཏང་སྟེ་སྙིང་གཏམ་ཤོད་རེས་དང་ཨུ་ཡོན་གྱིས་སྒྲོག་འགྲེལ་བྱེད་པ་སོགས་ཀྱི་ལས་དོན་ཧུར་ཐག་སྤེལ་བ། རིམས་ནད་སྔོན་འགོག་དང་ཚོད་འཛིན་རྒྱུན་རྣམ་ཅན་གྱི་ཆ་རྐྱེན་འོག་ཕྱི་ཕྱོགས་དང་འགྲོ་འོང་བྱེད་པའི་ལས་དོན་ཡག་པོ་སྒྲུབ་པ། ལྕགས་ཕག་ལོའི་གསར་བརྗེ་ལངས་ནས་ལོ་ངོ་110འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ལེགས་གྲུབ་ལྡན་པའི་ངང་འཚོགས་པ་བཅས་བྱས་ནས། བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་རྒྱ་ཁྱབ་བྱས་པ། ལྔ་ནས་སྲིད་གྲོས་ཀྱི་རང་ངོས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་འགན་ནུས་སྒྲུབ་པའི་ཕན་འབྲས་ཆེ་རུ་ཏན་ཏིག་བཏང་བ་བཅས་རེད། དབང་དབྱང་གིས་ནན་བཤད་གནང་དོན། 2022ལོར། མི་དམངས་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། ཀྲུང་དབྱང་གི་སྲིད་གྲོས་ལས་དོན་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱེད་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་གཙོ་བོ་གཉིས་མཐའ་འཁྱོངས། ཇུས་འདོན་བློ་འདྲི་དང་ཐུན་མོང་གི་ངོས་འཛིན་གཅིག་སྡུད་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པར་བསུ་བ་ཞུ་བ་དང་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་དེ་ལོ་ཧྲིལ་པོའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་བསམ་བློའི་ཁྲིད་སྟོན་དང་། སྟོབས་ཤུགས་གཅིག་སྡུད། སྲིད་གླེང་ཇུས་འབུལ། སྤྱི་ཡོངས་ལ་ཞབས་འདེགས་བཅས་ཀྱི་ལས་དོན་ཁག་ནན་ཏན་དང་ལེགས་པར་བསྒྲུབས་ཏེ་བརྟན་ལྷིང་སྐྱོན་བྲལ་གྱི་དཔལ་འབྱོར་ཁོར་ཡུག་དང་། རྒྱལ་བདེ་དམངས་སྐྱིད་ཀྱི་སྤྱི་ཚོགས་ཁོར་ཡུག སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་བཅས་རྒྱུན་འཁྱོངས་བྱ་ཆེད་ལེགས་སྐྱེས་འབུལ་དགོས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིའུ་ཤིན་ཁྲེང་གིས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ། ཚོགས་ཆེན་ཐོག་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་སྐོར་སྙན་སེང་ཞུས་པ་རེད།
ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་བཅས་ཀྱི་འགན་འཁུར་བློ་མཐུན་གདན་ཞུས་ལྟར་འགོ་ཚུགས་ཚོགས་འདུར་ཟུར་ཞུགས་གནང་བ་རེད། ཀྲུང་གོར་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་སོགས་གདན་ཞུས་ལྟར་འགོ་ཚུགས་ཚོགས་འདུར་ཞུགས་པ་རེད།