རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-03-07   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
ཟླ་3ཚེས་4ཉིན་གྱི་དགོང་མོ། 2022ལོའི་པེ་ཅིང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་འགོ་འཛུགས་མཛད་སྒོ་རྒྱལ་ཁབ་ལུས་རྩལ་ཐང་དུ་གཟབ་རྒྱས་ངང་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་འགོ་འཛུགས་མཛད་སྒོར་ཞུགས་པ་དང་འབྲེལ་2022ལོའི་པེ་ཅིང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ།
ཟླ་3ཚེས་4ཉིན་གྱི་དགོང་མོ། 2022ལོའི་པེ་ཅིང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་འགོ་འཛུགས་མཛད་སྒོ་རྒྱལ་ཁབ་ལུས་རྩལ་ཐང་དུ་གཟབ་རྒྱས་ངང་འཚོགས་ཤིང་། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་འགོ་འཛུགས་མཛད་སྒོར་ཞུགས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་4ཉིན་གློག་འཕྲིན་འབྱོར་གསལ། 2022ལོའི་པེ་ཅིང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་འགོ་འཛུགས་མཛད་སྒོ་ཚེས་4ཉིན་གྱི་དགོང་མོ་རྒྱལ་ཁབ་ལུས་རྩལ་ཐང་དུ་གཟབ་རྒྱས་ངང་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་འགོ་འཛུགས་མཛད་སྒོར་ཞུགས་པ་དང་འབྲེལ་པེ་ཅིང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད།
ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་རྒྱལ་སྤྱིའི་དབང་སྐྱོན་ཨོ་ལིམ་ཕིག་གི་ཀྲུའུ་ཞི་ཕ་སེན་སི་འགོ་འཛུགས་མཛད་སྒོར་ཞུགས་པ་རེད།
གོ་ལ་ཧྲིལ་པོའི་མི་འབོར་བསྡོམས་འབོར་ཁྲོད་དབང་པོ་སྐྱོན་ཅན་གྱིས་བསྡུར་ཚད་15%ཙམ་བཟུང་བ་དང་དེ་ནི་སྐྱིད་སྡུག་མཉམ་མྱོང་གི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་།
2022ལོའི་པེ་ཅིང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ནི་2008ལོའི་པེ་ཅིང་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་རྗེས་སུ་ཀྲུང་གོར་གཉེར་བའི་གོ་ལ་ཧྲིལ་པོའི་དབང་སྐྱོན་ལུས་རྩལ་འདུ་ཚོགས་གཟབ་རྒྱས་གཞན་ཞིག་རེད།
ཆུ་ཚོད་19དང་སྐར་མ་57ཐོག་པེ་ཅིང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་ཚོགས་རྟགས་ལུས་རྩལ་ཐང་དབུས་ཀྱི་ས་ངོས་ཀྱི་བརྙན་ཡོལ་ཆེན་པོའི་སྟེང་མངོན་པ་དང《ཞི་བདེ—ལས་དབང་གཅིག་མཐུན་འདུས་གྲུབ》ཀྱི་རོལ་དབྱངས་ཁྲོད་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ཕ་སེན་སི་དང་ལྷན་དུ་ཀྲུའུ་ཞི་སྡིངས་ཆའི་ཐོག་ཕེབས་ནས་ལྟད་མོ་བར་ཕྱག་གཡུག་གཡུག་གནང་ནས་གུས་ལུགས་མཚོན་པར་གནང་བ་དང་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་ཀྱི་སྒྲ་ཡུན་རིང་གྲགས་ཡོད།
སྙན་སྒྲོན་པས་ལྟད་མོ་བར་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་རྒྱལ་སྤྱིའི་དབང་སྐྱོན་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞི་ཕ་སེན་སི་ངོ་སྤྲོད་བྱས་པ་དང་ཞི་ཅིན་ཕིང་དང་ཕ་སེན་སིས་ཚང་མར་ཕྱག་གཡུག་གཡུག་གནང་ནས་གུས་ལུགས་མཚོན་པར་གནང་ཞིང་། ཚོགས་ར་ཡོངས་སུ་སླར་ཡང་ཐལ་མོའི་རྡེབ་སྒྲ་གྲགས་ཡོད།
དབང་པོ་སྐྱོན་ཅན་གྱི་མཉམ་གཞས་ཚོགས་པའི《ང་དང་ངའི་མེས་རྒྱལ》ཞེས་པའི་བརྩེ་བ་ཟབ་པའི་གླུ་སྒྲའི་ཁྲོད་ཀྲུང་གོའི་དབང་སྐྱོན་ལུས་རྩལ་པ་8དང་དབང་སྐྱོན་བྱ་གཞག་ལ་ལེགས་སྐྱེས་འབུལ་མཁན་འཐུས་མིས་སྐར་ལྔའི་དར་དམར་སྲུང་བཞིན་དུ་ལུས་རྩལ་ཐང་གི་དར་ཆ་སྒྲེང་ཁུལ་དུ་སླེབས། ཆུ་ཚོད་20དང་སྐར་མ་08ཐོག་བརྗིད་ཉམས་ལྡན་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུའི་སྒྲའི་ཁྲོད་སྐར་ལྔའི་དར་དམར་དལ་བུར་བསྒྲེངས།
སྐབས་འདིའི་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ནང་ཁྱོན་རྒྱལ་ཁབ(ས་ཁུལ)46ནས་ཡོང་བའི་འཐུས་མི་ཚོགས་པ་ཞུགས་པ་དང་འབྱུང་འགྱུར་ཉིན་9ཡི་རིང་དབང་སྐྱོན་ལུས་རྩལ་པ་600ཙམ་འགྲན་བསྡུར་ཆེ་མོ་6ལ་ཞུགས་རྒྱུ་རེད།
《མེས་རྒྱལ་ལ་བསྟོད་གླུ་ལེན》ཞེས་པའི་འགྱུར་ཁུག་དང་བཅས་མགྲོན་བདག་རྒྱལ་ཁབ་ཡིན་པའི་ཀྲུང་གོའི་འཐུས་མི་ཚོགས་པ་ཚོགས་རར་མཇུག་ཤོས་སུ་འཛུལ་བ་དང་སྐབས་འདིའི་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་ཀྲུང་གོའི་འཐུས་མི་ཚོགས་པར་ཁྱོན་མི་217ཡོད་པའི་ནང་ལུས་རྩལ་པ་96གིས་འགྲན་བསྡུར་རྣམ་གྲངས་ཆེ་མོ་6དང་རྣམ་གྲངས་ཆུང་ངུ་73ནང་ཞུགས་རྒྱུ་ཡིན་པ་དེ་ནི་རང་རྒྱལ་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ནང་ཞུགས་ཚུན་འཐུས་མི་ཚོགས་པའི་གཞི་ཁྱོན་ཆེ་ཤོས་དང་། ལུས་རྩལ་པ་མང་ཤོས། འགྲན་ཞུགས་རྣམ་གྲངས་ཆ་ཚང་ཤོས་བཅས་ཀྱི་འགྲན་ཚོགས་སྐབས་ཤིག་རེད།
དེ་རྗེས་པེ་ཅིང་དགུན་དུས་ཨོ་ལིམ་ཕིག་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་ཞི་ཚའེ་ཆིས་ཤིས་ཚིག་གསུངས་ཤིང་། ཁོང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་སྐུ་ངོ་མས་སྐུལ་འདེད་དང་ཀྲུང་གོ་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ང་ཚོས་ལྗང་མདོག་དང་། མཉམ་སྤྱོད། སྒོ་དབྱེ། སྤྱོད་གཙང་བཅས་ཀྱི་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུའི་འདུ་ཤེས་ལག་ལེན་བསྟར་ནས་རྒྱལ་སྤྱིའི་དབང་སྐྱོན་ཨོ་ལིམ་ཕིག་ཨུ་ལྷན་སོགས་དང་མཉམ་ལས་བྱས་ཏེ་པེ་ཅིང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབས་ནས“ཨོ་རྩལ་འགྲན་ཚོགས་གཉིས་ངོ་མཚར་གཅིག་མཚུངས་ཡོང་བའི”འགན་ལེན་བྱས་ཡོད་ཅེས་གསུངས་པ་རེད། དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་པའི་ངོ་མཚར་ཆེ་བའི་མཚོན་ཚུལ་ལས་ང་ཚོས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ལས་བྱུང་བའི་རྩལ་འགྲན་གྱི་ངོ་མཚར་དང་། བསམ་པའི་ཉམས་འགྱུར། ཚེ་སྲོག་གི་གཟི་བརྗིད་བཅས་ལོངས་སྤྱོད་ཐུབ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། པེ་ཅིང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱིས་འཛམ་གླིང་ལ་ཡིད་ཆེས་དང་། མཛའ་བརྩེ། རེ་བ་བཅས་བརྒྱུད་སྤྲོད་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་མཛེས་སྡུག་ལྡན་པའི་བསམ་འདུན་མངོན་རྒྱུའི་ཡིད་ཆེས་ཡོད། ང་ཚོས་ལག་གདང་སྦྲེལ་ནས་འབྱུང་འགྱུར་ལ་ཕྱོགས་ཏེ་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་ལེའུ་གསར་པ་རྩོམ་དགོས།
རྒྱལ་སྤྱིའི་དབང་སྐྱོན་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞི་ཕ་སེན་སིས་ཤིས་ཚིག་གསུངས་པ་དང་། ཁོང་གིས་པེ་ཅིང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་ར་དང་འགྲན་ཁང་གི་སྒྲིག་བཀོད་ལ་ཁྱད་ཆོས་དམིགས་བསལ་ལྡན་པ་དང་། འགྲན་བསྡུར་གྱི་འགན་ལེན་ཞིབ་ཚགས་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བདེ་འཇགས་དང་ཕན་འབྲས་ཆེ་བ། ཀྲུང་གོ་མི་དམངས་ཀྱིས་སེམས་རྩ་འཁོལ་པོས་སྐུ་མགྲོན་ལ་སྣེ་ལེན་ཞུ་བ་བཅས་བྱས་ནས་རྒྱལ་ཁབ(ས་ཁུལ)མི་འདྲ་བའི་ལུས་རྩལ་པར་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་ཡིད་དབང་འཕྲོག་ཤུགས་གང་ལེགས་མངོན་པར་བྱེད་པའི་ལས་སྟེགས་ཤིག་བཏོད་ཡོད་ཅེས་གསུངས་པ་རེད། ཀྲུང་གོ་ཕྱོགས་ཀྱིས་དབང་པོ་སྐྱོན་ཅན་དགུན་དུས་ལུས་རྩལ་ནང་ཞུགས་རྒྱུར་སྐུལ་ལྕག་དང་སྐུལ་སློང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།
ཆུ་ཚོད་21དང་སྐར་མ་02ཐོག་འགོ་འཛུགས་མཛད་སྒོར་མི་སེམས་འགུལ་བའི་དུས་ཤིག་ཤར་ཞིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་2022ལོའི་པེ་ཅིང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད།
ལས་རིགས་ཁག་ནས་ཕེབས་པའི་འཐུས་མིས་དབང་སྐྱོན་ལུས་རྩལ་པ་དང་མཉམ་དུ་གནས་པའི་དྲོ་སྐྱིད་རྣམ་པ་མཉམ་དུ་བཏོད་པ་དང་། དར་ཆ་སྒྲེང་མཁན་8ཀྱིས་རྒྱལ་སྤྱིའི་དབང་སྐྱོན་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཚོགས་དར་ཁྱེར་ནས་ཚོགས་རར་ཕེབས། ཁོང་ཚོ་ནི་ཀྲུང་གོའི་བུད་མེད་རྐུབ་སྟེགས་འཁོར་ལོའི་ལན་ཆིའུ་སྤོ་ལོའི་རྒྱལ་ཁབ་རུ་ཁག་གི་རྩལ་སློབ་པ་ཁྲེན་ཆི་དང་། ལོང་བའི་སྤོ་ལོའི་རྒྱལ་སྤྱི་རིམ་པའི་ཤན་འབྱེད་པ་ཧའོ་གོ་ཧྭ་དང་། དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་བྱ་སྒྲོའི་སྤོ་ལོའི་གསེར་གྱི་རྟགས་མ་ཐོབ་མཁན་ལིའུ་ཡུས་ཐུང་། དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་དབྱུག་འཕེན་རྣམ་གྲངས་ཀྱི་གསེར་གྱི་རྟགས་མ་ཐོབ་མཁན་ཡའོ་ཅོན། དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་ཆུ་རྐྱལ་གྱི་གསེར་གྱི་རྟགས་མ་ཐོབ་མཁན་ཀྲང་ལི། དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་རྐུབ་སྟེགས་འཁོར་ལོའི་གྲི་རྩེད་ཀྱི་གསེར་གྱི་རྟགས་མ་ཐོབ་མཁན་སུན་ཀང་། དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་ཕིང་ཕང་སྤོ་ལོའི་གསེར་གྱི་རྟགས་མ་ཐོབ་མཁན་ཞུའེ་ཅོན། དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་རྐུབ་སྟེགས་འཁོར་ལོའི་གྲི་རྩེད་ཀྱི་གསེར་གྱི་རྟགས་མ་ཐོབ་མཁན་ལི་ཧའོ་བཅས་རེད། མིག་ཤེད་དབང་སྐྱོན་སློབ་མ་ལས་གྲུབ་པའི་འབུད་དཀྲོལ་རོལ་དབྱངས་ཚོགས་པས་རྒྱལ་སྤྱིའི་དབང་སྐྱོན་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཚོགས་གླུ་དཀྲོལ་བ་དང་རྒྱལ་སྤྱིའི་དབང་སྐྱོན་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཚོགས་དར་དལ་བུར་བསྒྲེངས་ནས་སྐར་ལྔའི་དར་དམར་དང་མཉམ་དུ་མཐོན་པོར་གཡོ།
དེ་རྗེས་ཀྲུང་གོའི་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་རི་མཐོའི་གངས་ཤུད་ཀྱི་ལུས་རྩལ་པ་ཀྲང་མོང་ཆིའུ་དང་རྐུབ་སྟེགས་འཁོར་ལོའི་འཁྱག་ལྟིར་ལུས་རྩལ་པ་ཁྲེན་ཅན་ཤིན་གྱིས་འགྲན་ཞུགས་ལུས་རྩལ་པ་ཡོངས་ཀྱི་ཚབ་ཞུས་པ་དང་། ཀྲུང་གོའི་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་འཁྱགས་ཐོག་སྤོ་ལོའི་རྣམ་གྲངས་ཀྱི་ཤན་འབྱེད་པ་ཀྲང་ལི་ཧེང་གིས་ཤན་འབྱེད་པ་ཡོངས་ཀྱི་ཚབ་ཞུས་པ། ཀྲུང་གོའི་རྐུབ་སྟེགས་འཁོར་ལོའི་འཁྱག་ལྟིར་རྩལ་སློབ་པ་གཡོད་ཅིང་ཧྲོང་གིས་རྩལ་སློབ་པ་ཡོངས་དང་དཔོན་རིགས་ཀྱི་ཚབ་ཞུས་པ་བཅས་བྱས་ཏེ་སོ་སོར་དམ་བཅའ་བཞག་པ་རེད།
ཆུ་ཚོད་21དང་སྐར་མ་23ཐོག་པེ་ཅིང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་ཚོགས་རར་འབྱོར་ཞིང་། པེ་ཅིང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་མེ་སོན་དེ་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་འབྱུང་ཁུངས་དབྱིན་ཇིའི་མན་ཏེ་ཝེར་དང་པེ་ཅིང་དང་། ཡན་ཆིང་། ཀྲང་ཅ་ཁོའུ་བཅས་འགྲན་ཁུལ་གསུམ་གྱི་ཁྱོན་མེ་སོན་9བསྡུས་ཏེ་གྲུབ་པ་ཞིག་རེད།
ཟླ་3ཚེས་2ཉིན་ནས་ཚེས་4ཉིན་བར་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་པེ་ཅིང་དང་། ཡན་ཆིང་། ཀྲང་ཅ་ཁོའུ་བཅས་འགྲན་ཁུལ་གསུམ་དུ་བརྒྱུད་སྤྲོད་བྱས་པ་རེད། རྒྱལ་ཁབ་ལུས་རྩལ་ཐང་དུ། ཕིང་ཁྲང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་རི་མཐོའི་གངས་ཤུད་ཀྱི་བུད་མེད་ཀྱི་སྡོད་སྟངས་ཚོགས་ཆུང་གི་བདམས་ཐོན་པ་ལིའུ་སི་ཐུང་དང་། ལི་གཡོད་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་དང་ཐོ་ཁེའོ་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་གསེར་གྱི་རྟགས་མ་5ཐོབ་མཁན་ཝུན་ཞའོ་ཡན། ཐོ་ཁེའོ་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་ཆུ་རྐྱལ་གྱི་གསེར་གྱི་རྟགས་མ་2ཐོབ་མཁན་མ་ཅ། ཐོ་ཁེའོ་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་རྐུབ་སྟེགས་འཁོར་ལོའི་ལན་ཆིའུ་སྤོ་ལོའི་ཨང་གཉིས་པ་ཐོབ་མཁན་ཀྲང་ཞུའེ་མེ། ལི་གཡོད་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་དང་ཐོ་ཁེའོ་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་གསེར་གྱི་རྟགས་མ་4ཐོབ་མཁན་ལིའུ་ཚུའེ་ཆིང་། དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ནང་སྐབས་གསུམ་བསྟུད་མར་ཚ་ཁའི་གསེར་གྱི་རྟགས་མ་ཐོབ་མཁན་ཏུང་ཁྲའོ། དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ནང་སྐབས་གསུམ་བསྟུད་མར་བསྡད་སྟབས་རྣམ་པའི་ཕའེ་ཆིའུ་སྤོ་ལོའི་བྱ་དགའི་རྟགས་མ་ཐོབ་མཁན་ཐང་ཞུའེ་མེ་སོགས་དཔལ་འབར་འཁྱེར་མཁན་བདུན་གྱིས་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་བརྒྱུད་སྤྲོད་བྱས་ནས་རྒྱུན་མཐུད་ངང་མདུན་སྐྱོད་བྱས་པར་ཚོགས་ར་ཡོངས་ཀྱི་ལྟད་མོ་བའི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་ཡོད།
སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་ཁྲོད་དཔལ་འབར་འཁྱེར་མཁན་མཇུག་ཤོས་ཨ་ཐེན་སིའི་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་དང་པེ་ཅིང་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ནང་རྒྱང་མཆོང་དང་རིམ་གསུམ་རྒྱང་མཆོང་གི་ཨང་དང་པོ་ཐོབ་པ་མ་ཟད། འཛམ་གླིང་གི་ཟིན་ཐོ་བཏོད་མཁན་ལི་ཏོན་གྱིས་ལག་ཏུ་བཟུང་བའི་དཔལ་འབར་དེ“ཁ་བའི་འདབ་མ་ཆེན་པོའི”དབྱིབས་ཀྱི་དཔལ་འབར་གཙོ་བོའི་དབུས་སུ་བཞག་པ་རེད། པེ་ཅིང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་གཙོ་བོ་ཇུས་འགོད་བྱེད་སྟངས་སྤྱད་དེ་ལྗང་མདོག་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་སླར་ཡང་མངོན་པར་བྱས་ཡོད་པ་རེད།
ཚོན་མདོག་རྣམ་པར་བཀྲ་བའི་ཚོན་ཁྲའི་ཤོག་སྦག་སྤར་བ་ལས་མི་རྣམས་ཀྱི་སྤྲོ་སྣང་འཕེལ་བ་དང་ལུས་རྩལ་ཐང་དུ་དགའ་སྤྲོའི་རྣམ་པས་ཁེངས།