གྲུ་གཟིངས་འཁུར་ནས་ལམ་དུ་སྙེགས་པ། ༼གཏམ་རྒྱུད་ཐུང་ཡང་གནས་ལུགས་ཟབ།༽

རྩོམ་པ་པོ།   ཚེ་དོན།  ཡིག་བསྒྱུར།       དུས་ཚོད།   2022-03-11   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


     སྔར་ན་གཞོན་ཞིག་ཡོད་པ་དེས་ལྡོག་ཁྲེས་ལྗིད་མོ་འཁུར་ཞིང་རི་ཆུ་སྟོང་ཕྲག་མང་པོ་བརྒལ་ནས་སློབ་དཔོན་དམ་པ་ཞེས་རིག་པའི་གནས་ལ་དབང་འབྱོར་བའི་མཁས་པ་ཞིག་གི་གམ་དུ་འབྱོར།   ན་གཞོན་དེས་སློབ་དཔོན་ལགས།  ང་ནི་སྐྱོ་སྣང་དང་ཁེར་རྐྱང་།  སྡུག་བསྔལ་ཀྱིས་འཁེངས་པ་ཞིག་ཡིན།  རི་ཆུ་སྟོང་ཕྲག་མང་པོ་བརྒལ་བས་ང་ནི་ངལ་དུབ་ཀྱིས་རབ་ཏུ་མནར་ཞིང་།  མི་ཡུལ་གྱི་དཀའ་སྡུག་ཡོད་ཚད་ཉམས་སུ་མྱངས་ན་ཡང་། ད་དུང་སེམས་གཏིང་གི་ཉི་འོད་དེ་བཙལ་ནས་མི་རྙེད་པའི་རྒྱུ་མཚན་ཅི་ཡིན་ཞེས་དྲིས། 

        སློབ་དཔོན་དམ་པས་ན་གཞོན་ལ།  ཁྱོད་ཀྱི་རྡོག་ཁྲེས་ལྗིད་མོ་དེའི་ནང་ལ་ཅི་ཞིག་བཅུག་ཡོད་དམ་ཞེས་དྲིས།  ན་གཞོན་གྱིས་རྡོག་ཁྲེས་འདི་ནི་ང་ལ་མཚོན་ན་ཤིན་ཏུ་གལ་ཆེ་བ་ཞིག་ཡིན།   འདིའི་ནང་དུ་བདག་གིས་ཕམ་ཁ་ཐེངས་རེ་མྱངས་དུས་ཀྱི་སྡུག་བསྔལ་དང་མིག་ཆུ།  སུན་སྣང་སོགས་བཅུག་ཡོད།   རྡོག་ཁྲེས་འདི་ལ་བརྟེན་ནས་ད་གཟོད་ང་རང་ཁྱེད་ཀྱི་གམ་དུ་སླེབས་པ་ཡིན་ཟེར། སློབ་དཔོན་དམ་པས་ན་གཞོན་འདི་གཙང་བོའི་འགྲམ་ཞིག་དུ་ཁྲིད་པ་དང་གྲུ་ལ་བསྡད་ནས་ཕར་ཁར་བསྐྱོད། ཆུ་ངོགས་སུ་ཐོན་རྗེས་སློབ་དཔོན་དམ་པས་ན་གཞོན་ལ། ཁྱོད་ཀྱིས་གྲུ་གཟིངས་འཁུར་ནས་ལམ་དུ་སྙེགས་རོགས་ཞེས་བཤད་པ་དང་།  ན་གཞོན་དེས་མདང་མི་དཔོག་པའི་ངང་ནས།   འདི་འདྲའི་གྲུ་གཟིངས་ལྗིད་མོ་ཞིག་ངས་འཁུར་ག་ལ་ཐུབ་ཅེས་བཤད།   སློབ་དཔོན་དམ་པས་ན་གཞོན་ལ།   རེད་ཡ།  ཁྱོད་ཀྱིས་གྲུ་གཟིངས་འདི་འཁུར་ཐུབ་ས་མ་རེད།   གཙང་བོའི་ཕ་རོལ་བརྒལ་དུས་གྲུ་གཟིངས་ཤིན་ཏུ་མཁོ་གལ་ཆེ་མོད།  འོན་ཀྱང་ཆུ་ངོགས་སུ་ཐོན་རྗེས་གྲུ་གཟིངས་བསྐྱུར་ནས་ལམ་དུ་མ་སྙེགས་ཚེ་དེ་ནི་ང་ཚོའི་དཀའ་སྡུག་གི་འཁུར་བོ་ཞིག་ཏུ་འགྱུར་སྲིད་པ་རེད།    སྡུག་བསྔལ་དང་ཁེར་རྐྱང་།   སུན་སྣང་།  བར་ཆད།  མིག་ཆུ་སོགས་ནི་མི་ཚེ་ལ་ཕན་ཐོགས་ཤིང་མི་ཚེའི་ལམ་སྟོན་གྱི་གྲུབ་ཆ་ལྟ་བུ་ཞིག་ཡིན། ཡིན་ན་ཡང་མཁྲེགས་འཛིན་གྱི་ལྟ་བ་བཅངས་ཏེ་བསམ་བློར་འགྱུར་ལྡོག་མ་བཏང་ན་འདི་དག་ནི་མི་ཚེའི་སྡུག་གི་འཁུར་བོར་འགྱུར་ཉེན་ཡོད།  ན་གཞོན་ཁྱོད་ཀྱིས་རྡོག་ཁྲེས་འདི་བསྐྱུར་བར་འཚལ།    མ་གཞི་ནས་ཚེ་སྲོག་གི་འཁུར་བོ་ནི་དེ་འདྲའི་ལྗིད་དྲགས་པ་ཞིག་ཡིན་མི་རུང་ཞེས་བཤད། ན་གཞོན་དེས་རྡོག་ཁྲེས་རྒྱབ་ཏུ་བསྐྱུར་ཞིང་མུ་མཐུད་དེ་ལམ་སྙེགས་ནས་སོང་།  ལམ་བར་དུ་ན་གཞོན་དུས་རང་གི་གོམ་ཁ་ཇེ་ཡང་དུ་སོང་ནས་སྔར་ལས་ལྷག་པར་མགྱོགས་པའི་སྣང་བ་ཤར་ཤིང་།   སེམས་ལའང་སྤྲོ་སྣང་གིས་འཁེངས།   མ་གཞི་ཚེ་སྲོག་གི་འཁུར་བོ་ནི་དེ་འདྲའི་ལྗིད་དྲགས་པ་ཞིག་ཡིན་མི་རུང་།  

      སྡུག་བསྔལ་དང་ཁེར་རྐྱང་།   སུན་སྣང་།  བར་ཆད།  མིག་ཆུ་སོགས་ནི་མི་ཚེ་གཅིག་གི་རྒྱུ་ནོར་ཡིན་ཞིང་།   མི་རྣམས་ནི་བློ་རིག་ཇེ་གསལ་དང་།   ལེགས་པར་འཚར་ལོངས་འབྱུང་བ།  བློ་སྒོ་འབྱེད་པ།     ལྟ་རྒྱ་ཐོས་རྒྱ་དང་ཤེས་རྒྱ་བསྐྱེད་པ་སོགས་ལ་ཕན།  འོབས་སུ་ཐེངས་གཅིག་ལྷུངས་ན་ཤེས་རབ་ཐེངས་གཅིག་འཕེལ་ཞེས་ཀྱང་བཤད་སྲོལ་ཡོད།   ཡིན་ན་ཡང་དེ་དག་ནི་ཕར་ལ་གཡུགས་དཀའ་ཞིང་ལྗིད་དྲགས་པའི་འཁུར་བོ་རེ་རེར་གྱུར་བ་ཡིན་ན་མདུན་དུ་བསྐྱོད་པའི་གེགས་སུ་གྱུར་ནས་ང་ཚོ་ནི་གནོན་ཤུགས་དྲག་པོའི་འོག་ཏུ་འགྱེལ་བའམ་ཕམ་ཁ་ཆེན་པོ་མྱངས་སུ་འཇུག་པར་ངེས།     མི་རེ་རེའི་ཚེ་སྲོག་གི་གྲུ་གཟིངས་ནང་དུ་ཐེག་ཚད་ལས་བརྒལ་བའི་ལྗིད་དྲགས་པའི་དངོས་པོ་འཇོག་མི་རུང་།   མི་ཚེའི་ལམ་ཐག་རིང་མོར་བརྒལ་བ་ལ་ང་ཚོས་ངེས་པར་ལེགས་ཉེས་བླང་དོར་གྱི་གནད་ཀ་ཤེས་དགོས་ཤིང་།   སེམས་ལ་ཉི་འོད་ཀྱིས་འཁེངས་ནས་མདུན་དུ་བསྐྱོད་པར་འོས།   དེ་མིན་ཚེ་སྲོག་གི་གྲུ་གཟིངས་དེ་ནི་གཏིང་མི་མངོན་པའི་མཚོ་ཞབས་སུ་འཐིམ་ཉེན་ཡོད།